
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༠༡ ཉིན་གྱི་སྔ་དྲོ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཟླ་བ་གཅིག་རིང་དབྱར་དུས་བོད་ཀྱི་ཟློས་གར་ཟབ་སྦྱོང་ཐེངས་གསུམ་པའི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གདན་ཞུས་ཀྱིས་ཟློས་གར་དབུ་འཛིན་དང་དགེ་ལས་སློབ་ཕྲུག་གཙོས་ཟབ་སྦྱོང་ཐོག་མཉམ་བཞུགས་གནང་མཁན་སློབ་ཕྲུག་དང་འབྲེལ་ཡོད་ཕ་མ་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་དང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མར་མེ་ཞལ་ཕྱེ་གནང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་གནང་སོང་། མཛད་སྒོའི་དབུ་འཛུགས་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དབུ་འཛུགས་གནང་བའི་དམིགས་ཡུལ་དང་དེ་སྔའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོར་ཕན་འབྲས་ཇི་བྱུང་ངོ་སྤྲོད་གནང་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་ཟབ་སྦྱོང་འདིའི་གནད་འགག་རང་བཞིན་དང་། ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་ན་གཞོན་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་ཐུགས་སྣང་དགོས་པ་མ་ཟད། ལྷག་དོན་ཕྲུ་གུ་ཕ་མ་ཚོས་ཁྱིམ་ཚང་ནང་ཕྲུ་གུ་ཚོར་བོད་སྐད་དང་བོད་པའི་གོམས་གཤིས་སོགས་སློབ་ཁྲིད་དང་ཕྱག་ལེན་གནང་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་དེ་རིང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོས་ཚོགས་པ་འདིའི་སྒྲིག་སྲོལ་བརྩི་སྲུང་གནང་སྟེ་རང་གི་གོམས་གཤིས་སོགས་བོད་མི་རིགས་ཀྱི་ཟློས་གར་སྒྱུ་རྩལ་ཐོག་འབད་འབུངས་ཆེན་པོས་འབད་བརྩོན་དང་སློབ་སྦྱོང་གནང་རྒྱུའི་སྐུལ་འདེད་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་ནས་ཐུགས་རྗེ་ཆེ་གསུང་བཤད་གནང་ཡོད།

ད་ལན་དབྱར་དུས་བོད་ཀྱི་ཟློས་གར་ཟབ་སྦྱོང་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་བཞི་ནས་སློབ་ཕྲུག་ཕོ་མོ་ཉི་ཤུ་ཙམ་ཕེབས་ཡོད་པ་རྣམས་ཕྱི་ཟླ་ ༧ ཚེས་ ༡ ནས་ ༣༡ བར་ཡིན་པ་དང་། ཟབ་སྦྱོང་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། རོལ་ཆ། ལྷ་མོ། འཁྲབ་གཞས་སོགས་རིག་ཚན་འདྲ་མིན་ཐོག་སློབ་ཁྲིད་གནང་འཆར་ཡོད་འདུག སྤྱིར་བཏང་ད་སྒོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་གནས་སྤོ་བོར་ཆེན་གྱིས་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་བརྒྱ་ཆ་ལྔ་བཅུ་འདྲ་འདྲ་སོང་ཡོད་སྟབས། ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཕ་མ་ཚོའི་ངོས་ནས་བོད་ཀྱི་ཟློས་གར་ཚོགས་པར་སྔ་ཕྱི་འབྲེལ་གཏུགས་ཀྱིས་རོལ་ཆ་དང་ལྷ་མོ་སོགས་ཟབ་སྦྱོང་ཡོད་མེད་བཀའ་འདྲི་ཞུ་མཁན་འགའ་ཤས་བྱུང་བར་སོང་། འདི་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༦ པའི་ཟླ་མཇུག་ནས་འགོ་བརྩམས་ཏེ་ད་བར་ཕྱི་རྒྱལ་རྒྱལ་ཁབ་ཁག་བཅུ་ལྔ་ལྷག་གི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་ཟློས་གར་རིག་གཞུང་སོགས་སློབ་ཁྲིད་གནང་དང་གནང་མུས་ཡིན། །
