ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་དབུ་འཛུགས་གནང་།

༄༅། །འདི་ལོ་བོད་མི་སྒྲིག་འཛུགས་གཙོས་པའི་སྤྱི་སྒེར་ཚང་མས་༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ལས་རིམ་སྣ་མང་གོ་སྒྲིག་ཞུ་བཞིན་པ་ལྟར། ཤེས་རིག་ལས་ཁུངས་ནས་ཀྱང་ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༡༨ ནས་ ༢༥ བར་རྒྱ་གར་གྱི་ས་ཁུལ་གང་སར་རྟེན་གཞི་བྱས་པའི་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཉེར་དྲུག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཞིག་ཅཱོན་ཏ་རཱ་བོད་ཁྱིམ་དུ་གོ་སྒྲིག་གནང་ཡོད།

དེ་ཡང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐུ་མགྲོན་གཙོ་བོ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་གྲུབ་པ་མཆོག་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་ཞབས་སོར་འཁོད་སྐབས་ཤེས་རིག་ལས་ཁུངས་དང་ཅཱོན་ཏ་རཱ་བོད་ཁྱིམ་ཐུན་མོང་ནས་སྤོས་སྣེ་དང་གླུ་གར་རོལ་མོ་སོགས་ཀྱིས་གདན་ཞུ་ཟབ་རྒྱས་ཞུས། དེ་ནས་ཕྱོགས་བཞུགས་སྤྱི་འཐུས་དང་ཉེ་འཁོར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ། གཞན་ཡང་ཚོགས་སྡེ་ཁག་གི་སྐུ་མགྲོན་རྣམ་པ། ཕྱོགས་མཐའ་ནས་ཕེབས་པའི་དགེ་སློབ་ཚོགས་བཅར་བ་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་ཚུགས།
མཛད་སྒོའི་ཐོག་མར་ཅཱོན་ཏ་རཱ་བོད་ཁྱིམ་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུ་འཚམས་ཞུ་དང་སྦྲགས་སློབ་གྲྭའི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་དང་། ཐེངས་འདིའི་རིགས་ལམ་འདུ་འཛོམས་ཆེན་མོ་འདི་བཞིན་ཅཱོན་ཏ་རཱ་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་ཐོབ་བྱུང་བ་ཧ་ཅང་བསྐལ་པ་བཟང་པོ་དང་དགའ་སྤྲོ་ཆེན་པོ་བྱུང་གསུངས།

དེ་ནས་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་སྤྱིར་རིགས་ལམ་འདུ་འཛོམས་ཀྱི་བྱུང་རིམ་དང་། ལྷག་པར་ཐེངས་འདིའི་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་ངོ་སྤྲོད་གནང་དོན། འདི་ལོར་ཤེས་རིག་ལས་ཁུངས་ནས་མ་སུ་རི་ཁུལ་དང་། དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་རྒྱུའི་བང་རིམ་འཁེལ་གྱི་ཡོད་ཀྱང་། འདི་ལོ་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་བའི་ལོ་འཁོར་དང་སྟབས་བསྟུན་རྒྱ་གར་ལྷོ་ཁུལ་དང་བྱང་ཤར་ཁུལ་གྱི་སློབ་གྲྭ་རྣམས་ཀྱང་འདུ་འཛོམས་འདིར་དམིགས་བསལ་གདན་ཞུས་ཀྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དུ་རིགས་ལམ་འདུ་འཛོམས་ཆེན་མོ་འདི་གོ་སྒྲིག་ཞུས་པ་ཞིག་ཡིན།

ཐེངས་འདིའི་འདུ་འཛོམས་ཆེན་མོའི་ནང་འཛིན་རིམ་དྲུག་པ་ཡན་གྱི་སློབ་གྲྭ་ཁག་ཉི་ཤུ་རྩ་དྲུག་ནས་ལྟ་གྲུབ་དགེ་རྒན་རེ་དང་སློབ་ཕྲུག་བུ་ ༡༠༠ དང་སློབ་ཕྲུག་བུ་མོ་ ༩༨ ནས་མཉམ་ཞུགས་གནང་ཡོད་པ་དང་། འདུ་འཛོམས་ཆེན་མོའི་རིང་ཉིན་རེར་སློབ་ཕྲུག་ནང་ཁུལ་རྩོད་ཟླ་ཆུ་ཚོད་གསུམ་དང་། དམ་བཅའ་ཆེན་མོ་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ཞེ་ལྔ། སློབ་གྲྭ་སོ་སོའི་ལྟ་གྲུབ་དགེ་རྒན་ལྷན་གོ་བསྡུར་ཆེད་ཆུ་ཚོད་གཅིག་བཅས་ཁྱོན་བསྡོམས་སློབ་ཕྲུག་རྣམས་ལ་ཉིན་རེར་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུ་ཞེ་ལྔ་རིགས་ལམ་གྱི་དཀའ་གནད་ཐོག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་པའི་ངོ་སྤྲོད་གནང་།

དེ་ནས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རིགས་ལམ་གྱི་གལ་གནད་ཐོག་༸གོང་ས་མཆོག་གིས་སྔ་རྗེས་བཀའ་སློབ་རིམ་ཕེབས་སྐོར་ངོ་སྤྲོད་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ལོའི་ཤེས་རིག་ཚོགས་ཆེན་སྐབས་རིགས་ལམ་གྱི་གལ་གནད་སྐོར་དམིགས་བསལ་བཀའ་སློབ་གནང་བ་ལུང་འདྲེན་བྱས་ཏེ། ད་བར་ཤེས་རིག་ལས་ཁུངས་ནས་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་ཡར་རྒྱས་གཏོང་ཐབས་སུ་བསླབ་གཞི་གཏན་འབེབས་དང་སློབ་དེབ་པར་འགྲེམས། དེ་བཞིན་རིགས་ལམ་འདུ་འཛོམས་དང་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་། བོད་དགེ་དང་ཚན་རྩིས་དགེ་རྒན་རྣམས་ལ་རིགས་ལམ་གྱི་ཟབ་སྦྱོང་སོགས་རིགས་ལམ་དང་འབྲེལ་བའི་ལས་གཞི་སྣ་མང་གོ་སྒྲིག་ཞུས་པ་མ་ཟད། རིགས་ལམ་ཡང་སློབ་ཚན་གཞན་ལྟར་དུས་ཚིགས་སོ་སོར་ཡིག་རྒྱུགས་གཏོང་རྒྱུ་ཡོད་པ་དང་། གྲུབ་འབྲས་ཟིན་ཐོར་རིགས་ལམ་གྱི་བརྒྱ་ཆ་སྤྲོད་ས་ལོགས་སུ་བཟོས་པ་སོགས་ཤེས་རིག་ལས་ཁུངས་ནས་དུས་ནས་དུས་སུ་རྒྱབ་སྐྱོར་གང་འོས་ཞུ་མུས་དང་། དེ་བཞིན་སློབ་གྲྭ་སྡེ་ཁག་སོ་སོ་ནས་ཀྱང་རིགས་ལམ་གྱི་གལ་གནད་ལ་གཞིགས་ཏེ་རིགས་ལམ་འདུ་འཛོམས་དང་རིགས་ལམ་གྱི་ཉིན་མོ་སོགས་ལག་བསྟར་ཞུ་གི་ཡོད་པའི་སྐོར་ངོ་སྤྲོད་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་རིགས་ལམ་འདུ་འཛོམས་ཆེན་མོའི་ཚོགས་བཅར་བ་དང་ཅཱོན་ཏ་རཱ་བོད་ཁྱིམ་སློབ་གྲྭའི་དགེ་སློབ། དེ་བཞིན་མང་ཚོགས་བཅས་ལ་བླང་དོར་གསུང་བཤད་གནང་དོན། རིན་པོ་ཆེ་མཆོག་ནས་གནའ་རབས་སུ་ཆོས་རྒྱལ་རྣམ་པའི་སྐུ་དྲིན་ལས་བོད་དུ་བོད་ཡིག་དང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་ཚད་མ་རིག་པའི་བྱུང་རིམ་ལོ་རྒྱུས་དང་རིན་ཐང་སོགས་ཀྱི་སྐོར་གསུང་བཤད་གནང་ཞིང་། གནའ་སྔ་མོར་ཚད་མ་རིག་པ་དང་ནང་པའི་གཞུང་ལུགས་ཁག་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དེ་གྲྭ་བཙུན་ཁོ་ན་ལ་མ་གཏོགས་མེད་ཀྱང་། ད་ལྟའི་ཆར་གཞི་རིམ་སློབ་གྲྭ་ཁག་གི་ནང་སྐྱ་སེར་དབྱེ་བ་མེད་པས་ཚད་མ་རིག་པར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བཟང་པོ་འདི་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་དང་། ལྷག་པར་ཁོང་གི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་ཐུགས་བསྐྱེད་དམ་བཅའ་བཞི་ཡི་ཡ་གྱལ་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན་པ་གསུངས།

ང་ཚོས་ཚད་མ་རིག་པར་སློབ་སྦྱོང་བྱེད་པའམ་རྟགས་གསལ་གཏོང་དགོས་དོན་ནི་ཆོས་གང་ཡང་རུང་བའི་གནས་ལུགས་རྒྱུ་མཚན་ཤེས་པའི་ཆེད་དུ་ཡིན་པ་ལས། ཕན་ཚུན་འཁོན་དང་འཐབ་འཛིང་གིས་རྩོད་པ་རྒྱག་པ་ཞིག་རྩ་བ་ནས་མིན། ང་ཚོས་ཚད་མ་རིག་པ་སྦྱོང་བའི་སྐབས་ཁ་དོག་དཀར་དམར་ནས་འགོ་བཙུགས་ཏེ་རྒྱུ་འབྲས་ཆེ་བའི་བར་སློབ་སྦྱོང་བྱེད་དགོས། དཔེར་ན་སངས་རྒྱས་ཀྱི་གོ་འཕང་ལ་རྒྱུ་ཡོད་དམ་མེད། རྐྱེན་ཡོད་དམ་མེད། འབྲས་བུ་ཡོད་དམ་མེད་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་རྟགས་གསལ་གཏོང་ཐུབ་པ་དགོས་ཀྱི་ཡོད། ༸རྒྱལ་བ་རིན་པོ་ཆེས་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་བཞིན། ཁྱོད་ཚོས་ཁོང་གི་དགོངས་བཞེད་བླ་ན་མེད་པའི་ཐོག་དངོས་སུ་ཞུགས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པའི་བྱ་བ་རླབས་ཆེན་ཞིག་སྒྲུབ་ཀྱི་ཡོད་ལ། ངས་ཀྱང་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་ཆེད་དུ་ཉིན་གྲངས་བརྒྱའི་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་མཚམས་བསྙེན་སྒྲུབ་བཞུགས་པའི་སྐོར་གསུང་བཤད་ཟབ་རྒྱས་གནང་། 

མཐར་ཅཱོན་ཏ་རཱ་བོད་ཁྱིམ་དགེ་ཆེ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུས་པའི་སྐུ་མགྲོན་རྣམ་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་དགེ་སློབ་ཡོངས་དང་མང་ཚོགས་བཅས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་རིམ་ལེགས་པར་མཇུག་བསྒྲིལ།།


སྔོན་མ།
ཤེས་རིག་བཀའ་བློན་མཆོག་ནས་ཇར་མན་རོགས་ཚོགས་ཀྱི་གཙོ་འཛིན་སཾ་བྷོ་ཊ་བོད་སློབ་ཚོགས་པ་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཁག་ཏུ་གཟིགས་སྐོར་སྣེ་འཁྲིད་གནང་བ།