ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དེང་དུས་ཀྱི་རིག་རྩལ་བརྒྱུད་མདུན་ལམ་སློབ་སྟོན་བྱེད་ཐབས་ཀྱི་ཟབ་སྦྱོང་ཐོག་ལམ་སྟོན་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༩ ཚེས་ ༠༡ ཉིན་འདི་ག་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པས་བཞུགས་སྒར་དྷ་ས་ཉེ་འཁྲིས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་དེང་དུས་ཀྱི་རིག་རྩལ་བརྒྱུད་མདུན་ལམ་སློབ་སྟོན་བྱེད་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས། སྐབས་དེར་སཾ་བྷོ་ཊ་དང་མ་སུ་རི། བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཁྱབ་ཁོངས་ནས་མདུན་ལམ་སློབ་སྟོན་པ་ཁྱོན་བསྡོམས་ ༢༢ མཉམ་ཞུགས་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕེབས་ཞུགས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་ཞུས་ཡོད། དེ་རྗེས་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་ཟབ་སྦྱོང་གི་ངོ་སྤྲོད་དང་འབྲེལ་བརྗོད་གཞི་འདྲ་མིན་ཐོག་ཟབ་སྦྱོང་དེ་བཞིན་ལོ་ལྟར་གོ་སྒྲིག་གནང་བཞིན་པ་མ་ཟད། ད་ཐེངས་ཟབ་སྦྱོང་འདི་དམིགས་བསལ་གྱིས་མདུན་ལམ་སློབ་སྟོན་དང་འབྲེལ་བ་ཡོད་པའི་སྐོར་བཅས་ཟབ་སྦྱོང་གི་དགོས་དམིགས་དང་གལ་གནད་སྐོར་གསུངས།

དེ་ནས་མཉམ་ཞུགས་པ་རྣམས་ནས་སོ་སོའི་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། སློབ་གྲྭ་ཁག་གི་ནང་མདུན་ལམ་སློབ་སྟོན་པ་ཉུང་ཉུང་ཡིན་པ་དང་། མདུན་ལམ་སློབ་སྟོན་པས་སློབ་ཕྲུག་གི་དགའ་མོས་མ་ཟད་ནུས་པ་དང་མཐུན་པའི་སྒོ་ནས་མདུན་ལམ་སློབ་སྟོན་གནང་སྟེ་མ་འོངས་པར་སློབ་མའི་མདུན་ལམ་བཟང་པོ་ཞིག་བསྐྲུན་ཐབས་གནང་དགོས་གལ་དང་། བོད་པའི་སྤྱི་ཚོགས་ནང་མདུན་ལམ་སློབ་སྟོན་པའི་འཕེལ་རིམ་དང་འབྲེལ། ད་ལྟའི་འཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རོགས་ཚོགས་མང་པོ་ཞིག་གིས་བོད་པའི་སྤྱི་ཚོགས་ལ་རམ་འདེགས་གནང་བཞིན་པ་མ་ཟད། སློབ་གྲྭ་ཆ་ཚང་ནང་མདུན་ལམ་སློབ་སྟོན་པའི་མཐུན་རྐྱེན་སྐྲུན་ཐུབ་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་ལ། མདུན་ལམ་སློབ་སྟོན་པ་རྣམས་ལ་བཀའ་བློན་མཆོག་གིས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཁོ་ན་མ་ཡིན་པར་འཛིན་རིམ་བདུན་པ་ནས་བཟུང་སློབ་ཕྲུག་གི་ནུས་པ་དང་དོ་དབྱིངས་བཅས་ལ་དོ་སྣང་དང་། དཔྱད་ཞིབ་ཀྱིས་སློབ་ཚན་དགེ་རྒན་རྣམས་དང་བགྲོ་གླེང་གནང་བའི་སྒོ་ནས་སློབ་མ་རྣམས་ལ་མདུན་ལམ་ཐོག་ལམ་སྟོན་གནང་དགོས་གལ་ཡིན་པའི་སྐོར་གསུང་བཤད་ཀྱང་གནང་ཡོད། 

དེ་བཞིན་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོས་མདུན་ལམ་སློབ་སྟོན་པ་རྣམས་ལ་དཀའ་ངལ་མཉམ་སྤྱོད་བྱེད་སྐབས་མདུན་ལམ་སློབ་སྟོན་པས་གསང་བ་ཉར་དགོས་པ་ནི་གལ་ཆེ་ཡིན་པ་མ་ཟད། ཟབ་སྦྱོང་འདི་བརྒྱུད་ནས་མདུན་ལམ་སློབ་སྟོན་ཐོག་གོ་རྟོགས་གསར་པ་གང་ཐོབ་ཡོད་པ་དེ་དག་སློབ་གྲྭའི་ནང་ལག་བསྟར་གནང་དགོས་གལ་ཡིན་པའི་སྐོར་ནན་བརྗོད་གནང་ཡོད། གཞན་ཡང་མདུན་ལམ་སློབ་སྟོན་པ་རྣམས་ལ་བོད་པའི་སློབ་ཕྲུག་ཚོར་ཆེད་ལས་འདྲ་མིན་ཐོག་སློབ་སྦྱོང་གནང་དགོས་གལ་ཡིན་པའི་སྐོར་དང་། ད་ལྟའི་བཙན་བྱོལ་སྤྱི་ཚོགས་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བྱིན་རླབས་འོག་ཚགས་ཚུད་གནས་བཞིན་ཡོད་པའི་སྐོར། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཏེ་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྐོར་བོད་ཕྲུག་རྣམས་ལ་དྲན་གསོ་དང་། གོ་རྟོགས་སྤེལ་ཏེ་སློབ་སྦྱོང་ཧུར་ཐག་གནང་དགོས་པའི་སྐུལ་མ་བཏང་དགོས་པའི་ལམ་སྟོན་དང་། ཕྱོགས་མཚུངས་བོད་པའི་སྤྱི་ཚོགས་ནང་ཆེད་ལས་འདྲ་མིན་ཐོག་ཕྱག་ལས་གནང་མཁན་དགོས་ངེས་ཡིན་པའི་སྐོར་ཡང་འགྲེལ་བརྗོད་གནང་།

བཀའ་བློན་མཆོག་གིས་ཟབ་སྦྱོང་དེ་འདྲ་བའི་སྐབས་ཟབ་འཁྲིད་པ་བོད་པའི་མི་ཞིག་བྱུང་ན་བོད་ཕྲུག་ཚོར་མདུན་ལམ་སློབ་སྟོན་གནང་ཕྱོགས་ཐད་ཁྱད་པར་ཆེན་པོ་ཞིག་བཟོས་ངེས་ཡིན་པ་མ་ཟད། སློབ་སྟོན་པ་ཚོས་སློབ་མ་རྣམས་ལ་ཤེས་ཡོན་གྱི་མདུན་ལམ་དང་འབྲེལ་སིའི་ཤེས་ཡོན་གྱི་སློབ་གསོའི་ཐོག་ནས་སློབ་མའི་བཟང་སྤྱོད་ལའང་སློབ་སྟོན་གནང་དགོས་པ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་ནན་བརྗོད་གནང་། 

དེ་རྗེས་ཤེས་རིག་དྲུང་གཞོན་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་འབྲེལ་ཡོད་ལས་བྱེད་དང་ཟབ་སྦྱོང་འདིར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་སྟེ་མཛད་སྒོ་མཇུག་བསྒྲིལ་ཡོད། ཟབ་སྦྱོང་འདི་ནི་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༩ ཚེས་ ༡ ནས་ཚེས་ ༦ བར་ཉིན་གྲངས་དྲུག་རིང་ཚོགས་རྒྱུ་ཡིན་པ་དང་། སྐབས་དེར་མདུན་ལམ་སློབ་སྟོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནང་འཛུལ་ཞུགས་གནང་སྟངས་དང་དགོས་ངེས་ཆ་རྐྱེན་སོགས་ཀྱི་ཐད་ཟབ་འཁྲིད་དང་། དེ་བཞིན་བོད་ཀྱི་འགྲོ་ཕན་སྨན་རྩིས་ཁང་གི་མཐོ་སློབ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་འཇུག་དང་འབྲེལ་བའི་ཐོག་ལམ་སྟོན། བཅོས་མའི་རིག་རྩལ་བཅས་ཀྱི་ཐོག་ལ་ཟབ་འཁྲིད་གནང་རྒྱུ་ཡིན་པ་རེད། 


སྔོན་མ།
ཕྱི་ལོ་ ༢༠༢༥ ལོའི་དགའ་ལྡན་ཕོ་བྲང་བྱ་དགའ།