ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཡོན་གསལ་བསྒྲགས།

༄༅། །ཉི་འོང་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་ (Reitaku University,Japan) ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གཉིས་ལ་ལོ་གཅིག་རིང་ཉི་འོང་སྐད་ཡིག་སློབ་སྦྱོང་གི་སློབ་ཡོན་ཞལ་བཞེས་བྱུང་ཡོད་པས། དགོས་ངེས་ཆ་རྐྱེན་ཚང་བ་རྣམས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༠ འགྱངས་མེད་གཤམ་གསལ་སྦྲེལ་ཐག་ཁ་བྱང་བརྒྱུད་འཚང་སྙན་འབུལ་ཟིན་པ་དགོས།

སློབ་ཡོན་འདིའི་ནང་སློབ་དོད། ཁང་གླ། ཕར་ཚུར་གནམ་གྲུའི་གླ་དང་སྨན་བཅོས་ཉེན་སྲུང་བཅས་ཀྱི་འགྲོ་གྲོན་ཚུད་ཡོད། སློབ་ཡོན་ཁོངས་འདེམས་སྒྲུག་བྱུང་ཚེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དོན་ཚན་ཉེར་གཉིས་པའི་དགོངས་དོན་ལྟར་གཞུང་འབྲེལ་མིན་པའི་སློབ་སྦྱོང་གུང་སེང་ཞུ་དགོས་པ་དང༌། ཤེས་རིག་སློབ་ཡོན་གྱི་སྒྲིག་གཞི་དོན་ཚན་བཅུ་དྲུག་པའི་ནང་གསེས་བཞི་པའི་དགོངས་དོན་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་ཞུས་པའི་སློབ་ཡོན་ཐོག་སླར་ཡང་ཕྱི་རྒྱལ་དུ་སློབ་སྦྱོང་ངམ་སྦྱོང་བརྡར་གྱི་སློབ་ཡོན་རིགས་ཞུ་མི་ཆོག

འཚང་སྙན་འགེངས་ཤོག་འབུལ་ཡུལ་གྱི་སྦྲེལ་ཐག Reitaku University Application Link

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང༌། དགོས་མཁོའི་ཡིག་ཆ་སྦྲེལ་ཐག་ཁ་བྱང་བརྒྱུད་འབུལ་དགོས་པ་ཁག་གཤམ་གསལ།

  • འཚང་སྙན་འབུལ་མཁན་གང་ཞིག་ཕྱི་ལོ་ ༢༠༢༦ ཟླ་ ༠༡ ཚེས་ ༠༡ བར་རང་ལོ་ ༤༠ ལས་མ་བརྒལ་བ་ཞིག་དགོས།
  • ད་ལྟའི་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུ་དགོས།
  • འཚང་སྙན་འབུལ་མི་དེ་ཉིད་སྲི་ཞུ་བའི་ཞབས་ལོ་ལྔ་ཧྲིལ་པོ་ལོན་དགོས་པ་དང༌། དེ་འབྲེལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་རྒྱབ་གཉེར་ཡིག་ཆུང་ཞིག་ཞུས་ཏེ་འབུལ་དགོས།
  • ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་དང་དེའི་ངོ་བཤུས་འབུལ་དགོས།
  • རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ཨིན་ཡིག་ཐོག་འབུལ་དགོས།
  • རང་ཉིད་ནས་ཉི་འོང་སྐད་ཡིག་ཆེད་སྦྱོང་བྱེད་དགོས་དོན་སྐོར་གྱི་རྩོམ་ཡིག་ཐུང་ངུ་ཞིག་འབུལ་དགོས།
  • འདེམས་སྒྲུག་བྱུང་བ་ནས་ཕྱིར་མ་ལོག་བར་ཕྱི་བསྐྱོད་ལག་དེབ་སེར་པོ་དུས་འགྱངས་ཡོད་པ་ཞིག་དགོས།
  • ཉི་འོང་སྐད་ཡིག་གི་སློབ་སྦྱོང་ཐོན་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དགོས་མཁོ་ནམ་བྱུང་ལ་སྲི་ཞུ་བསྒྲུབ་རྒྱུའི་འདུན་པ་ཡོད་པ་ཞིག་དགོས།

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

  • ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༤ ཉིན་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་ནས་ངག་རྒྱུགས་བཞེས་རྒྱུ།
  • ངག་རྒྱུགས་བརྒྱ་ཆ་གཅིག་མཚུངས་བྱུང་ཚེ་ཞབས་ལོ་མང་བར་འདེམས་སྒྲུག་ཞུ་རྒྱུ་དང༌། དེ་མིན་ཉེ་བའི་གཙུག་ལག་རབ་འབྱམས་པའི་བརྒྱ་ཆ་རྩེ་ཏོག་གིས་འདེམས་སྒྲུག་བྱ་རྒྱུ། 

སྔོན་མ།
དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།