
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༡ ནས་ ༡༤ བར་ཇར་མན་ནི་རུ་ཕྱོགས་ཕེབས་གནང་བ་དང་། ཕྱི་ཚེས་ ༢ ཉིན་ཇར་མ་ནིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོ་ (Initiative Oberland) ཞེས་པའི་རོགས་ཚོགས་ཀྱི་ཚོགས་མི་དང་སྦྱིན་བདག་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༤ ཉིན་ཇར་མ་ནི་མི་ཊེན་ཝཱལཊ་རུ་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོ་ (Initiative Oberland) ཞེས་པའི་རོགས་ཚོགས་ཀྱི་ཚོགས་མི་དང་། སྦྱིན་བདག་རྣམས་དང་ལྷན་དུ་ཚོགས་འདུ་འཚོགས་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་མིས་བོད་ནང་ཁྲིམས་འགལ་གྱི་ཐོག་ནས་བཙན་འཛུལ་བྱེད་སྟངས་དང་། ཐོག་མར་རྒྱ་གར་དུ་བཙན་བྱོལ་འབྱོར་སྐབས་སུ་དཀའ་ངལ་ཇི་འཕྲད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་དང་། རྒྱ་གར་གཞུང་གི་མཐུན་འགྱུར་གྲོགས་དན་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་འདུ་སྡོད་གཞིས་ཆགས་ཁག ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་ཁག་གསར་འཛུགས་བསྐྱངས་ཚུལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་།

ཕྱི་ཚེས་ ༦ ཉིན་ caritas བདེ་དོན་ཚོགས་པའི་སྐུ་ཚབ་དང་ Rotary Club Garmisch Partenirchen ཡི་ཚོགས་མི་རྣམས་དང་ལྷན་དུ་ཚོགས་འདུ་འཚོགས་སྐབས། Rotary Club ཚོགས་པ་ནས་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ཀྱི་རྒན་གསོ་ཁང་དུ་རོགས་རམ་དང་། འཕྲོད་བསྟེན་སྨན་ཁང་དུ་གཟབ་བཅོས་ཚན་པ་ (Intensive care) དང་། ཉི་གློག་ (Solar) སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་པ་དང་། དེ་བཞིན་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོ་ (Initiative Oberland) རོགས་ཚོགས་ནས་མོན་གྷོ་སཾ་བྷོ་ཊ་གཞི་རིམ་འོག་མའི་ཡན་ལག་སློབ་གྲྭའི་ཕྱིའི་ཁོར་ཡུག་ཡར་རྒྱས་དང་རྒྱ་བསྐྱེད་གཏོང་བར་རོགས་རམ་གནང་ཡོད་ལུགས་གསུངས་པར་ལེགས་སོ་བསྔགས་བརྗོད་ཞུས་པ་དང་སྦྲགས། ཚོགས་འདུའི་ཐོག་རྒྱལ་ཁབ་མི་འདྲ་བའི་ཚོགས་མི་མི་ཉུང་བ་ཞིག་ཕེབས་ཡོད་པར་བརྟེན་བོད་ནང་གི་གནས་སྟངས་སྤྱི་དང་། ཡང་སྒོས་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར་སོགས་ཞིབ་ཕྲ་འགྲེལ་བརྗོད་དང་དོགས་འདྲི་ལ་ལན་འདེབས་ཞུས་པར། ཁོང་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་ཤེས་རྟོགས་སྔར་ལྷག་བྱུང་བས་མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུའི་ཁས་ལེན་གནང་།

ཕྱི་ཚེས་ ༧ ཉིན་ Ettal དགོན་པའི་སློབ་གྲྭར་བཅར་ཏེ་འབྲེལ་ཡོད་རྣམས་ལ་མཇལ་འཕྲད་ཀྱིས་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཉག་ཅིག་ལ་བརྟེན་ནས་བཙན་བྱོལ་གཞན་དང་མི་འདྲ་བར་མང་གཙོའི་གཞུང་ཡང་དག་པ་གསར་འཛུགས་དང་། དེ་བཞིན་གཞིས་ཆགས་དང་ཤེས་ཡོན་གྱི་བསྟི་གནས་ཕྲ་ཚུགས་ཐུབ་པ་སོགས་བྱུང་ཡོད་པ། སཱི་ཤེས་ཡོན་གྱི་གལ་གནད་དང་འབྲེལ་སློབ་ཕྲུག་རྣམས་ལ་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་འཇགས་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་ཞུས།

ཕྱི་ཚེས་ ༨ ནས་ ༡༢ བར་ཁུལ་དེའི་སློབ་གྲྭ་དང་། གཙུག་ལག་སློབ་གཉེར་ཁང་ལ་གསུང་བཤད་དང་འབྲེལ་ཡོད་རྣམས་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་ Munich ཁུལ་ལ་ཡོད་པའི་བོད་རིགས་རྣམས་མཇལ་འཕྲད་དང་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་གསུང་བཤད། ཕྱི་ཚེས་ ༡༣ ཉིན་ཇར་མི་ནི་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༤ ཉིན་དྷ་སར་ཕྱིར་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །