ཟླ་རེའི་གསར་འགྱུར།

བོད་ཀྱི་དགེ་རྒན་ཉིན་མོར་ཤེས་རིག་ཁུངས་ནས་བྱིས་པའི་གླུ་གཞས་འགུལ་བརྙན་ཞིག་འགྲེམས་སྤེལ་ཞུས་པ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་བྱིས་པའི་འགུལ་བརྙན་གཅིག་རང་རིགས་ན་ཆུང་རྣམས་ལ་བོད་ཀྱི་དགེ་རྒན་ཉིན་མོར་ལེགས་སྐྱེས་ཚུལ་དུ་འགྲེམས་སྤེལ་ཞུས་ཡོད།  

འདི་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་སྲུང་བརྩི་ཞུ་བཞིན་པ་དང་། བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་ཆོད་དགོངས་དོན། ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སློབ་དཔོན་ཆེན་མོ་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐར་གྱི་དུས་སྟོན་དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་རྒྱ་ཁྱབ་ཏུ་སྲུང་བརྩི་ཞུ་གཏན་འཁེལ་བར་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དགེ་ལས་སློབ་ཕྲུག་ཡོངས་ལ་དེ་རིང་སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་དགེ་རྒན་ཉིན་མོ་ཐེངས་དང་པོར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུས་པ་དང་སྦྲགས། དུས་སྟོན་འདིའི་གོ་སྐབས་དང་བསྟུན། ཤེས་རིག་ལས་ཁུངས་ནས་གོ་སྟོན་གྱི་ལས་འཆར་ཁོངས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཞེས་ཕྱོགས་ཚད་གཉིས་ལྡན་གྱི་བྱིས་པའི་གླུ་གཞས་འགུལ་བརྙན་ཞིག་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་ཡུ་ཊུབ་དྲྭ་བརྙན་སོགས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཤར་གཏོང་ཞུས་ཡོད་པས། མ་འོངས་བོད་ཀྱི་སོན་རྩ་རྣམས་དང་རང་རིགས་ཕ་མ་རྣམ་པས་གཙོས་རྒྱ་ཆེའི་མང་ཚོགས་རྣམས་ནས་དགྱེས་གཟིགས་ཡོང་བ་ཞུ།  

དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་བརྩི་བཞིན་པ་མ་ཟད། དུས་དང་འཚམ་པའི་བྱིས་པའི་རྣམ་རིག་གི་སྒོ་མོ་འབྱེད་པའི་རྣམ་པ་གསར་པའི་སློབ་གསོའི་ཁ་ཕྱོགས་ཤིག་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཕྱོགས་ཚད་གསུམ་ལྡན་དང་གཉིས་ལྡན་གྱི་བྱིས་པའི་འགུལ་བརྙན་བཟོ་སྐྲུན་གྱི་ལས་གཞི་འགོ་འཛུགས་ཞུས་པ་ཞིག་ཡིན།།


སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།
ཕྱི་མ།
བོད་ཀྱི་དགེ་རྒན་ཉིན་མོར་ཤེས་རིག་བཀའ་བློན་མཆོག་གི་གསུང་འཕྲིན།