
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༣༡ ཉིན་སྦན་ད་ར་ནོར་རྒྱས་གླིང་དུ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སློབ་ཕྲུག་གི་ཕ་མ་དང་། གཞིས་མི་རྣམས་ལ་གསུང་བཤད་གནང་སྟེ་དྲི་བ་དྲིས་ལན་གནང་པ་དང་། བཀའ་བློན་མཆོག་གིས་མྱོང་ཚོར་ཆེན་པོའི་ཐོག་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་བསོད་ནམས་ཆེ་ཤོས་ཤིག་ཡིན་སྐོར་དང་། གཞིས་ཆགས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་ཐེངས་བརྒྱད་ཙམ་ཞབས་ཀྱིས་བཅགས་ནས་མི་འབོར་ཉུང་བས་མི་མང་རྣམས་ལ་ཚེ་དབང་སོགས་གསུང་གི་བདུད་རྩི་གང་མང་སྩལ་ཡོད་སྐོར་གསུངས་པ་དང་། ཕ་མ་རྣམས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཞུང་དང་ཤེས་རིག་ལས་ཁུངས་སོགས་ཀྱི་བཀའ་དྲིན་ལས་སློབ་ཕྲུག་རྣམས་ཀྱི་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་སོགས་གང་ལེགས་ཡོད་སྐོར་གསུངས་གནང་སོང་།

ཉིན་རྒྱབ་བཀའ་བློན་མཆོག་སྦན་ད་ར་ནས་མེ་འཁོར་བརྒྱུད་ཨམྦི་ཀཱ་པུར་རུ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཕེབས་འབྱོར་དང་། མན་སྦར་ཕན་བདེ་གླིང་གི་ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས་ཀྱི་གཙོས་སཾ་བྷོ་ཊ་ཉིན་སློབ་ཀྱི་དགེ་ཆེ་ཟླ་བ་ཚེ་རིང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་ལྷག་པ་ལགས། ས་གནས་རང་བདེན་ཚོགས་གཙོ་ཕུན་ཚོགས་སྟོབས་རྒྱལ་ལགས། སྨན་ཁང་གི་འགན་འཛིན་ཀརྨ་འཕྲིན་ལས་ལགས་བཅས་ནས་ཕེབས་བསུ་ཞུས་རྗེས་སཾ་བྷོ་ཊ་ཉིན་སློབ་ལ་རྟོག་ཞིབ་གནང་ཡོད།

སཾ་བྷོ་ཊ་ཉིན་སློབ་ཀྱི་དགེ་ཆེ་ཟླ་བ་ཚེ་རིང་ལགས་ཀྱིས་སློབ་གྲྭའི་ངོ་སྤྲོད་དང་། ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་ཡོད། སློབ་ཕྲུག་གི་ཕ་མ་དང་མཇལ་འཕྲད་སྐབས་སློབ་གྲྭ་ཆེ་ཆུང་དང་སློབ་ཕྲུག་གི་གྲངས་འབོར་མང་ཉུང་ལ་མ་ལྟོས་པར་ཚང་མ་གལ་ཆེན་ཡིན་སྐོར་དང་། དེང་སྐབས་སྤྱི་ཚོགས་ནང་དཔེ་དེབ་ཀློག་མཁན་དཀོན་པ་ལས་ཀློག་རྒྱུ་མེད་པའི་དཀའ་ངལ་མེད་པ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལན་མང་གསུངས་པ་བཞིན་ཕ་མ་རྣམས་ནས་ཕྲུ་གུའི་བརྒྱུད་ལ་དཔེ་ཀློག་གོམས་འདྲིས་ཡོང་ཐབས་དང་། མ་འོངས་ཕུག་བསམ་དང་ལྡན་པ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་ཁག་ཡོངས་སུ་སྤེལ་བཞིན་ཡོད་པས་ཕ་མ་རྣམས་ནས་ཀྱང་ཁྱིམ་ཚང་འཆམ་མཐུན་ངང་ཕྲུ་གུ་བཟང་སྤྱོད་ལྡན་པ་ཞིག་གསོ་སྐྱོང་དགོས་ལུགས་སོགས་ཀྱི་གསུང་བཤད་གནང་།

དགེ་རྒན་རྣམས་ལ་རང་ཉིད་ཀྱི་ཆེད་ལས་ནི་གལ་གནད་ཆེ་ལུགས་དང་། དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་ཕྲུག་ལེགས་ཉེས་གང་འདྲ་ཞིག་ཡོང་མིན་དགེ་རྒན་དང་ཕ་མ་ཚང་མར་འགན་ཁུར་ཡོད་པས་ཚང་མས་ནུས་པ་མཉམ་སྤུངས་དགོས་པ་སོགས་ཀྱི་གསུང་བཤད་གནང་རྗེས་བཀའ་བློན་མཆོག་དང་། ལྷན་བཅར་ས་གནས་འགོ་འཛིན་དང་ཤེས་རིག་ལས་བྱེད་བཅས་ནས་སློབ་གྲྭའི་དཀའ་ངལ་རྒྱུས་ལོན་དང་། འཛིན་ཁང་དང་ལས་ཤག་སོགས་སུ་རྟོག་ཞིབ་གནང་ཡོད།
ཕྱི་ཚེས་ ༢ ཉིན་ས་གནས་འགོ་འཛིན་དང་། བརྒྱ་དཔོན། ཕ་མའི་འཐུས་མི་བཅས་དང་ལྷན་དུ་ཞུགས་མོལ་ཚོགས་འདུ་བསྐོང་ཚོགས་ཀྱི་སློབ་གྲྭའི་ཁོར་ཡུག་གཙང་སེལ་གནང་རྒྱུ་དང་། སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་དང་འཕྲོད་བསྟེན་སོགས་ནི་དགེ་རྒན་ཁོ་ན་མིན་པར་ས་གནས་འགོ་འཛིན་གྱིས་གཙོས་པའི་མི་མང་རྣམས་ལའང་འགན་ཡོད་སྐོར་དང་། དེ་ལྟར་གནང་ཚེ་གཞིས་ཆགས་སྲ་བརྟན་ཙམ་མ་ཟད། མི་རབས་རྗེས་མ་གསོ་སྐྱོང་ཆེད་མ་རྩ་ལྟ་བུ་ཡིན་སྐོར་གསུངས། དེ་རྗེས་དགོན་སྡེ་ཁག་དང་། ས་གནས་ཀྱི་ཞིང་ལས་ཐོན་སྐྱེད་སོགས་ལ་འཚམས་གཟིགས་གནང་ཡོད།
ཕྱི་ཟླ་ ༡༡ ཚེས་ ༣ ཉིན་བཀའ་བློན་མཆོག་ནས་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་ཕེབས་ཐོན་གྱིས་དེར་རྟེན་གཞི་བྱས་པའི་སློབ་ཁག་ལ་རྟོག་ཞིབ་དང་དགེ་རྒན་ལས་བྱེད་དང་། སློབ་ཕྲུག་གི་ཕ་མ་སོགས་དང་མཇལ་འཕྲད་སོགས་ཀྱི་མཛད་རིམ་གནང་འཆར་འདུག།












