ཟླ་རེའི་གསར་འགྱུར།

རྒྱ་གར་གྱི་གྲོས་ཚོགས་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་གཏམ་བཤད་ཀྱི་ལས་རིམ་ཞིག་གི་ཐོག་གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭའི་སློབ་མ་ཞིག་ནས་གཏམ་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གྲོས་ཚོགས་ཚོགས་ཁང་དུ་རྒྱ་གར་ཤེས་རིག་ལྷན་ཁང་དང་མཉམ་འབྲེལ་གྱིས་ Know Your Leader ཞེས་པའི་བརྗོད་གཞིའི་ཐོག་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད། མཛད་སྒོ་འདི་ནི་གཞོན་སྐྱེས་རྣམས་ནས་གྲོས་ཚོགས་ཀྱི་དུས་སྟོན་ཁག་ལ་མཉམ་ཞུགས་གང་མང་ཡོང་བར་སྐུལ་མ་གཏོང་སླད་དུ་དམིགས་པ་ཞིག་དང་། དེ་བཞིན་རྒྱལ་ཁབ་ཀྱི་དབུ་ཁྲིད་སྙན་གྲགས་ཅན་དེ་དག་གི་སྐུའི་འཁྲུངས་སྐར་ལ་རྗེས་དྲན་ཞུ་སླད་དུ་ཚོགས་པ་ཞིག་ཡིན།

མཛད་སྒོ་འདི་ནི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ཉིན་མོ་ (Rashtriya Ekta Diwas) དང་བསྟུན་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་། ལཱལ་བྷ་ཧཱ་དུར་ཤཱསྟྲི་ (Lal Bahadur Shastri) ལགས། སར་དཱར་བྷལ་ལ་བྷ་ཡི་པ་ཊེལ་ (Sardar Vallabhbhai Patel) ལགས་བཅས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་སླད་དུ་ཚོགས་པ་ཞིག་ཡིན་ཞིང་། སྐབས་དེར་དབུ་ཁྲིད་དེ་དག་དང་འབྲེལ་ཡོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་དང་། གཙུག་ལག་སློབ་གཉེར་ཁང་གི་རོགས་སྐྱོར་ལྷན་ཚོགས་ (UGC) འོག་གི་མཐོ་རིམ་སློབ་གྲྭ་དང་། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) གི་ཁོངས་གཏོགས་སློབ་གྲྭ་ཁག་མཉམ་ཞུགས་གནང་ཡོད། དེ་བཞིན་ཤེས་ཡོན་གྱི་སྡེ་ཁག་འོག་གུ་རུ་པུ་ར་སཾབྷོ་ཊ་སློབ་གྲྭ་ནས་མཉམ་ཞུགས་གནང་ཡོད། 

གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་འཛིན་རིམ་ ༡༠ གསོན་པའི་སློབ་མ་བསྟན་འཛིན་ཟླ་སྒྲོན་ལགས་ནི་དེ་སྔོན་རྒྱལ་ཡོངས་ཚན་རིག་དང་ཨང་རྩིས་འགྲེམས་སྟོན་དུ་འདེམས་ཐོན་བྱུང་ཡོད་པ་མ་ཟད། ཐེངས་འདིར་རྒྱ་གར་གྱི་གཏམ་བཤད་པ་རྩེ་ཕུད་ ༡༢ གྲས་སུ་འདེམས་ཐོན་བྱུང་ཡོད། མཛད་སྒོའི་སྐབས་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་རྒྱ་གར་གྱི་གྲོགས་ཚོགས་འོག་མའི་ཚོགས་གཙོ་ཨོཾ་བིར་ལ་ (Om Birla) མཆོག་དབུ་བཞུགས་ཀྱིས་གནད་ཡོད་མི་སྣ་ཁག་གཅིག་དང་། རྒྱ་གར་གྱི་ས་གནས་ཁག་མི་འདྲ་བའི་སློབ་ཕྲུག་བཅས་ཚང་འཛོམས་ཐོག་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཏམ་བཤད་སྒྲོགས་སྦྱང་གནང་ཡོད། གཞན་ཡང་སློབ་མ་བསྟན་འཛིན་དབྱངས་སྒྲོན་ལགས་ཀྱང་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད།

མཛད་སྒོ་དེ་བཞིན་སན་སཌ་བརྙན་འཕྲིན་ཁང་ (Sansad TV) ནས་ཐད་སྲིང་བྱས་པར་སོང་སློབ་གྲྭ་དང་བོད་མིའི་སྤྱི་ཚོགས་ནང་དགའ་སྤོབས་སྐྱེད་འོས་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད། 

སློབ་ཕྲུག་དང་དགེ་རྒན། དེ་བཞིན་སློབ་གྲྭའི་སློབ་སྤྱི་བཅས་ལ་སྡོད་གནས་སོགས་གོ་སྒྲིག་གཟབ་རྒྱས་ཞུས་ཡོད་པ་དང་། ཚོགས་བཅར་བ་ཡོངས་ལ་གྲོས་ཚོགས་ཚོགས་ཁང་དུ་སྐོར་སྐྱོད་འཁྲིད་ཡོད་པ་དང་། ལས་རིམ་གྲུབ་རྗེས་གུང་ཚིགས་དང་། དེ་ནས་རྒྱ་གར་གྱི་རྒྱལ་སྒོ་  (India Gate) དང་འགྲེམས་སྟོན་ཁང་དུ་ལྟ་སྐོར་བཅས་འཁྲིད་ཡོད།


སྔོན་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་གཅིག་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།