
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༣ ཉིན་ཤེས་རིག་བཀའ་བློན་མཆོག་མན་སྦར་ཕན་བདེ་གླིང་ནས་འཇར་སུ་གུ་ཌར་བརྒྱུད་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་ཕེབས་ཐོན་གནང་འདུག
དེ་ཡང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་བྷུབ་ནེ་ཤ་ཝར་ཕེབས་འབྱོར་སྐབས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་བློ་གྲོས་བཟང་པོ་ལགས་དང་། ཅན་དྷ་གྷི་རི་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་བསམ་འགྲུབ་རྡོ་རྗེ་ལགས་ནས་ཕེབས་བསུ་དང་། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་ས་གནས་སུ་ཕེབས་འབྱོར་དང་། ལོ་སྦར་སིང་སཾ་བྷོ་ཊ་སློབ་གྲྭའི་དགེ་ཆེ་བསྟན་འཛིན་རབས་དབྱངས་ལགས་ཀྱི་གཙོས་དགེ་སློབ་ཡོངས་ནས་ཕེབས་བསུ་དང་བཅས་དགེ་ཆེ་མཆོག་ནས་རང་དབང་ཚོགས་ཁང་དུ་གདན་ཞུས་ཀྱིས་སློབ་གྲྭ་ངོ་སྤྲོད་དང་། བཀའ་བློན་མཆོག་ནས་གསུང་དོན། སློབ་སྦྱོང་གནང་སའི་ཁོར་ཡུག་ནི་གལ་ཆེན་པོ་ཡིན་པས་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་ཡོད་པར་བསྔགས་བརྗོད་དང་། མཛད་སྒོའི་སྐབས་བཀའ་བློན་མཆོག་ནས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་ཡིག་འབྲི་རྩོམ་རྩེ་ཕུད་གཉིས་ལ་གསོལ་རས་གནང་བ་དང་། སློབ་ཕྲུག་གི་ཤེས་ཡོན་གནས་སྟངས་སོགས་ལ་གཟིགས་ཞིབ་ལེགས་པར་གནང་རྗེས། བདེ་སྐྱིད་སྐྱེད་ཚལ་བྱིས་བཅོལ་ཁང་དུ་འཚམས་གཟིགས་དང་། དེ་རྗེས་ཅན་དྷ་གྷི་རི་སཾ་བྷོ་ཊ་འབྲིང་རིམ་སློབ་གྲྭར་གཟིགས་སྐོར་ཕེབས་ཡོད།

དེ་བཞིན་བཀའ་བློན་མཆོག་གིས་སློབ་གྲྭའི་འཛིན་སྐྱོང་གི་གནས་སྟངས་དང་། ཤེས་ཡོན་གྱི་གནས་སྟངས་རྒྱུས་ལོན། སློབ་ཕྲུག་གི་སྦྱོང་དེབ་སོགས་ལ་ཟབ་ནན་གྱིས་གཟིགས་ཞིབ་གནང་སྒྲུབ་རྗེས། སློབ་ཁག་གཉིས་ཀྱི་དགེ་རྒན་མཉམ་འཛོམས་ཐོག་ཤེས་རིག་བཀའ་བློན་རང་ཉིད་དགེ་རྒན་ཞིག་ཡིན་པའི་ཉམས་མྱོང་ཆ་ནས་གསུང་དོན། དགེ་རྒན་གྱི་ལས་འགན་ནི་གལ་གནད་ཆེན་པོ་ཡིན་པས་དགེ་རྒན་ཞིག་གི་མི་ཚེ་ཧྲིལ་པོར་སློབ་སྦྱོང་གནང་དགོས་པ་དང་། དགེ་རྒན་རྣམས་ནས་སློབ་ཕྲུག་གི་སྦྱོང་དེབ་སོགས་བཅོས་སྐབས་ངེས་པར་ཟབ་ནན་གནང་དགོས་པ་དང་། སློབ་གྲྭའི་ནང་རྒན་བཀུར་གཞོན་གཅེས་སོགས་བོད་ཀྱི་ཡ་རབས་གཤིས་བཟང་དག་བརྒྱུད་འཛིན་དང་དར་སྤེལ་དགོས་སྐོར་སོགས་གསུངས་སོང་།

ཕྱི་ཚེས་༥ ཉིན་བཀའ་བློན་མཆོག་གིས་ཅན་དྷ་གྷི་རི་སཾ་བྷོ་ཊ་ཉིན་མོའི་སློབ་གྲྭར་སློབ་གྲྭ་ཆེ་ཆུང་གཉིས་ཀྱི་དགེ་ལས་དང་། སློབ་ཕྲུག ས་གནས་འགོ་འཛིན། ཕ་མའི་འཐུས་ཚོགས། ས་གནས་ཀྱི་གནད་ཡོད་མི་སྣ་བཅས་དང་ལྷན་དུ་བོད་ཀྱི་དགེ་རྒན་ཉིན་མོ་ཐེངས་དང་པོ་སྲུང་བརྩི་གནང་ཡོད།
ཤེས་རིག་བཀའ་བློན་མཆོག་ནས་བོད་སློབ་ཁྱོན་ཡོངས་སུ་བསྩལ་གནང་བའི་གསུང་འཕྲིན་སློབ་སྤྱི་མཆོག་ནས་སྒྲོགས་སྦྱང་ཞུས་པ་དང་། བཀའ་བློན་མཆོག་ནས་མུན་སེལ་སྒྲོན་མེ་ཞལ་ཁ་ཕྱེས་རྗེས། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་བྱ་རྒྱུའི་ཐག་གཅོད་ཇི་ལྟར་བྱུང་བའི་བརྒྱུད་རིམ་དང་སློབ་དཔོན་མཆོག་གི་སྐུ་ཚེའི་མཛད་རྗེས་ཁག་ངོ་སྤྲོད་གསུང་བཤད་གནང་སོང་།
དེ་ནས་བཀའ་བློན་མཆོག་ནས་གསུངས་པར། རིན་པོ་ཆེ་མཆོག་དགུང་གྲངས་ ༢༦ ཙམ་ནས་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་སྤྱི་སོགས་གནང་པ་དང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱི་ཐུགས་འགན་གཙོ་བོ་བཞེས་པ་སོགས་ཤེས་ཡོན་སློབ་གསོའི་ཕྱོགས་ཀྱི་མཛད་རྗེས་དང་། དེ་བཞིན་ཆབ་སྲིད་ཐོག་བོད་རང་དབང་བདེན་པའི་ལས་འགུལ་དང་། མི་དམངས་ཀྱི་མངོན་འདོད་བཞིན་ཚད་མཐོའི་འོས་གྲངས་འོག་བཀའ་བློན་ཁྲི་པ་ཐེངས་གཉིས་གནང་བའི་མཛད་པ་སོགས་ངོ་སྤྲོད་གནང་གྲུབ་རྗེས་སློབ་ཕྲུག་རྣམས་ནས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་གཞས་སྣ་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས་གནང་སོང་།

ཉིན་རྒྱབ་ཕ་མ་རྣམས་དང་ལྷན་འཛོམས་གནང་སྟེ་བཀའ་བློན་མཆོག་གིས། དེ་རིང་ང་ཚོས་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཐེངས་དང་པོ་རྒྱ་གར་ཨོ་ཌི་ཤ་ཕུན་ཚོགས་གླིང་གི་སློབ་གྲྭ་རུ་སྲུང་བརྩི་ཞུ་བཞིན་ཡོད། རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཀྱང་ང་ཚོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པས། དེ་ནི་བོད་ཀྱི་ཤེས་ཡོན་སློབ་གསོའི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་བཀོད་ཆོག་པའི་ཟིན་ཐོ་ཞིག་དང་རྒྱལ་ཁ་ཞིག་ཡིན་ཞེས་དང་། ཕ་མ་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཐོག་ཕྲུ་གུའི་བརྒྱུད་དུ་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་འོག་ཤར་བསྐྱོད་ཐུབ་པའི་བུ་ཕྲུག་ཤ་སྟག་གསོ་སྐྱོང་གནང་དགོས་པ་གཙོ་ཆེར་གཟུང་དགོས་ཞེས་གསུངས་སོང་།
ཕྱོགས་མཚུངས་བཀའ་བློན་མཆོག་ནས་ད་རེས་རྒྱ་གར་དབུས་ཁུལ་གྱི་གཞིས་ཆགས་ཁག་གསུམ་དང་སློབ་གྲྭ་ཁག་བཞིར་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ་བཅས།།






