
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་ཆེན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལོ་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་སྲུང་བརྩི་ཞུ་བཞིན་ཡོད།
དེ་ཡང་སྐབས་ཐོག་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་པའི་ཐོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༠ ལྷག་དཀར་དགེ་བའི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་གྲོགས་པོ་དང་། བོད་དོན་རྒྱབ་སྐྱོར་བ། གཞིས་བྱེས་བོད་མི་ཡོངས་ལ་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་སྦྲགས། འདི་ལས་ནས་གོ་སྟོན་གྱི་ལས་འཆར་ཁོངས་གོང་གསལ་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོའི་ཐོག་བསྟན་འཛིན་གྱི་འཛམ་གླིང་ཞེས་པའི་ཕྱོགས་ཚད་གསུམ་ལྡན་གྱི་བྱིས་པའི་འགུལ་བརྙན་ཁོངས་ཀྱི་ལེའུ་བདུན་པ་སྟེ། ༼ནོ་བེལ་ཞི་བདེའི་གཟེངས་རྟགས།༽ བཟོ་སྐྲུན་ལེགས་གྲུབ་ཀྱིས་རང་རིགས་མ་འོངས་སོན་རྩ་རྣམས་ལ་གོང་ཚེས་ཉིན་ལེགས་སྐྱེས་ཚུལ་དུ་ཤེས་རིག་ལས་ཁུངས་ཀྱི་ཡུ་ཊུབ་དྲྭ་བརྙན་ཐོག་འགོད་སྤེལ་ཞུས་ཡོད།

སྤྱིར་འགུལ་བརྙན་རིགས་ནི་ཕྲུ་གུ་རྒན་གཞོན་ཚང་མ་དང་། ལྷག་པར་བྱིས་པ་ཆུང་ཆུང་ཚོའི་སྐད་ཡིག་གོང་འཕེལ་དང་། རིག་གཞུང་ངོ་སྤྲོད། ལུས་སེམས་བདེ་སྐྱིད། བཟང་སྤྱོད་ཀྱི་བསླབ་བྱ། གཞས་དང་རོལ་མོའི་སྒྱུ་རྩལ་སོགས་བརྒྱུད་སྤེལ་སོགས་ལ་ཕན་ནུས་ཆེན་པོ་ཡོད་པ་དང་། ཚང་མས་མཁྱེན་གསལ་བཞིན་དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་བརྩི་བཞིན་པ་མ་ཟད། དུས་དང་འཚམ་པའི་བྱིས་པའི་རྣམ་རིག་གི་སྒོ་མོ་འབྱེད་པའི་རྣམ་པ་གསར་པའི་སློབ་གསོའི་ཁ་ཕྱོགས་ཤིག་ཡིན། གོང་གསལ་བྱིས་པའི་འགུལ་བརྙན་གྱི་ལས་འཆར་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཆོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས།།


