
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡ ནས་ ༦ བར་ཉིན་དྲུག་རིང་འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་གཞི་རིམ་བར་མའི་འཛིན་རིམ་དྲུག་པའི་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ་ཞིག་ཤེས་རིག་ཚོགས་ཁང་དུ་འཚོགས་ཡོད།
ཕྱི་ལོ་ ༢༠༢༤ ལོ་ནས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) གིས་ཕྱི་ལོ་ ༢༠༢༠ ལོའི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ (NEP) དང་། ཕྱི་ལོ་ ༢༠༢༣ ལོའི་རྒྱལ་ཡོངས་ཀྱི་བསླབ་གཞིའི་རྩ་འཛིན་ (NCF-SE) ཞེས་པའི་ལམ་སྟོན་དང་མཐུན་པར་ཚན་རིག་སློབ་དེབ་རྣམས་ལ་བསྐྱར་ཞིབ་ཀྱིས་སློབ་དེབ་གསར་པ་རྩོམ་སྒྲིག་གནང་སྟེ་གཏན་ཉིན་སློབ་གྲྭ་ཁག་ཏུ་ལག་བསྟར་གནང་བཞིན་ཡོད་སྟབས། ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་སློབ་དེབ་གསར་པ་དེ་རྩོམ་སྒྱུར་ཞུ་དགོས་པའི་དགོངས་ཚུལ་དང་ལམ་སྟོན་ལྟར། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་ཚན་རིག་སློབ་དེབ་རྩོམ་སྒྲིག་པས་འཛིན་རིམ་དྲུག་པའི་སློབ་དེབ་གསར་པ་དེ་རྩོམ་སྒྱུར་ཞུས་པ་དང་། གོང་གསལ་ཉིན་དྲུག་རིང་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་རྩོམ་སྒྱུར་ཞུས་པའི་སློབ་ཚན་ནང་གི་ཐ་སྙད་དང་ཚིག་དོན་ཐོག་གོ་བསྡུར་སྦྱངས་བཤད་ཀྱིས་སློབ་ཚན་དྲུག་གཏན་འབེབས་གནང་བ་དང་། ལྷག་འཕྲོས་རྣམས་འཆར་ལོའི་ནང་གཏན་འབེབས་གནང་འཆར་འདུག

ཚོགས་འདུའི་སྟེང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་ཁུར་བ་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཆོས་འཛིན་ལྷ་མོ་ལགས་དང་། ཚན་རིག་དགེ་རྒན་ལྷུན་འགྲུབ་རྣམ་རྒྱལ་ལགས། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་ཟླ་བ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་ཚན་རིག་དགེ་རྒན་བསྟན་འཛིན་ལྷ་སྒྲོན་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚན་རིག་བརྟག་དཔྱད་ཁང་གི་དོ་དམ་པ་བསྟན་འཛིན་ཕུན་ཚོགས་ལགས་བཅས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་ (DANID) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།

