ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་སློབ་ཁག་བདུན་ནང་ཐ་སྙད་ཚོགས་ཆུང་གསར་འཛུགས།

༄༅། །འདི་ག་ཤེས་རིག་བརྡ་ཆད་ཚན་པའི་ངོས་ནས་ད་བར་ཐ་སྙད་ཚོགས་ཆུང་གསར་འཛུགས་བྱུང་མེད་པའི་བོད་མིའི་སློབ་གྲྭ་ཁག་གཅིག་ལ་ཞབས་སྐུལ་གནང་དོན་བཞིན་འདི་ལོར་བོད་མིའི་སློབ་ཁག་བདུན་ཏེ་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་རཱ་ཇ་སྤུར་བོད་ཁྱིམ་དང་། བདེ་སྐྱིད་གླིང་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ཧར་པ་སྤུར་སཾ་བྷོ་ཊ་སློབ་གྲྭ་དང་། ཀ་སྦུག་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། བསྟན་འཛིན་སྒང་སཾ་བྷོ་ཊ་ཉིན་སློབ། དེ་བཞིན་སེར་བྱེས་འབྲིང་རིམ་སློབ་གྲྭ་དང་སེར་སྨད་ཐོས་བསམ་སློབ་གྲྭ་བཅས་ཀྱི་སློབ་ཁག་སོ་སོའི་འབྲེལ་ཡོད་རྒན་ལགས་ཀྱི་སྣེ་ཁྲིད་འོག་སློབ་ཕྲུག་ལས་གྲུབ་པའི་ཐ་སྙད་ཚོགས་ཆུང་རེ་གསར་འཛུགས་ཐུབ་པ་བྱུང་ཡོད་པ་བཞིན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༣༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་ཐོག་ཤེས་རིག་བརྡ་ཆད་ཚན་པའི་འགོ་ལས་རྣམས་དང་གསར་འཛུགས་བྱུང་ཡོད་པའི་ཐ་སྙད་ཚོགས་ཆུང་གི་སྣེ་ཁྲིད་རྒན་ལགས་རྣམས་དབར་གུ་གལ་དྲ་ཐོག་ཚོགས་འདུ་བསྐོང་ཚོགས་ཀྱིས་ཤེས་རིག་བརྡ་ཆད་ཚན་པའི་ངོས་ནས་ཚན་པའི་ལས་དོན་བྱེད་ཕྱོགས་སྤྱི་དང་སྒོས་སུ་བརྡ་ཆད་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ངོ་སྤྲོད། དེ་བཞིན་སློབ་ཁག་སོ་སོར་ཐ་སྙད་ཁྱབ་སྤེལ་གཏོང་ཕྱོགས་ཐད་རྒྱུས་སྟོན་ཞུས་ཡོད་པ་དང་། སློབ་ཁག་སོ་སོའི་རྒན་ལགས་རྣམས་ནས་དེ་འབྲེལ་གྱི་དགོངས་འཆར་དང་དོགས་འདྲི་ཕེབས་ཁག་ལ་ཕན་ཚུན་དབར་གོ་བསྡུར་དང་དོགས་གཅོད་ཀྱི་གླེང་སློང་ལྷུག་པོ་གནང་ཐུབ་པ་བྱུང་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་གིས་བསྐོ་གཞག་གནང་བའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ལོ་རེར་ཐེངས་གསུམ་བསྐོང་ཚོགས་ཀྱིས་བོད་སྐད་བོད་ཡིག་ནང་མཁོ་བའི་རིག་གསར་གྱི་བརྡ་ཆད་གཙོ་བོར་གྱུར་པའི་རྒྱུན་སྤྱོད་ཀྱི་བརྡ་ཆད་རྣམས་གཏན་འབེབས་ཞུ་བཞིན་ཡོད་པ་ལྟར། གཏན་འབེབས་ཟིན་པའི་རིག་གསར་བརྡ་ཆད་རྣམས་ཐད་ཀར་སློབ་ལ་བརྩོན་བཞིན་པའི་ལོ་ཆུང་བོད་ཕྲུག་ཚོའི་ཁྲོད་སྦྱོང་སྤྱོད་སྤེལ་གསུམ་གྱི་ལམ་ནས་རྒྱུན་འཇགས་ཐུབ་ཐབས་སུ་དམིགས་ཏེ་བོད་མིའི་སློབ་ཁག་ཏུ་འཛིན་རིམ་གྱི་གནས་བབས་དང་སློབ་ཕྲུག་གི་གྲངས་ཚད་ལ་གཞིགས་ཏེ་ཐ་སྙད་ཚོགས་ཆུང་རེ་བསྐོ་འཛུགས་ཞུ་རྒྱུའི་ལས་གཞི་ཞིག་ཕྱི་ལོ་ ༢༠༢༤ ལོ་ནས་འགོ་འཛུགས་ཞུས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ལོར་སློབ་གྲྭ་ཁག་བཅུ་དང་། ཕྱི་ལོ་ ༢༠༢༥ ལོར་བསྐྱར་དུ་སློབ་གྲྭ་ཁག་བཅུ། ད་ལན་ཕྱི་ལོ་ ༢༠༢༦ ལོར་སློབ་གྲྭ་ཁག་བདུན་བཅས་ད་ལྟའི་ཆར་བོད་མིའི་སློབ་གྲྭ་ཁག་ཉི་ཤུ་རྩ་བདུན་ནང་ཐ་སྙད་ཚོགས་ཆུང་ཟུར་འཛུགས་ཐུབ་པ་བྱུང་ཡོད་ཅིང་། འདས་པའི་ལོ་གཉིས་ལྷག་གི་ནང་སློབ་ཁག་སོ་སོའི་ཐ་སྙད་ཚོགས་ཆུང་གི་འགན་ཁུར་རྐང་བཞེས་འོག་སློབ་ཁག་སོ་སོའི་ནང་བདུན་རེ་དང་ཟླ་རེ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ནས་གཏན་འབེབས་ཟིན་པའི་ཐ་སྙད་རྣམས་སྦྱོང་སྤྱོད་སྤེལ་གསུམ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཐུབ་པ་བྱུང་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་ཁག་སོ་སོའི་ནང་ཐ་སྙད་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ་རྒྱུའི་དཔལ་འབྱོར་གྱི་མཐུན་འགྱུར་སླད་སློབ་གྲྭ་རེར་ལོ་རེར་ཧིན་སྒོར་ ༧༠༠༠ རེ་མཐུན་འགྱུར་ཞུ་བཞིན་ཡོད་པ་བཅས།།


སྔོན་མ།
དགེ་སློབ་རྩོམ་འབྲིའི་ལས་རིམ་ཐེངས་བཅུ་གཉིས་པའི་གསལ་བསྒྲགས།