ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༠༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་གསར་པ་དབུ་འབྱེད་གནང་སོང་།

དེ་ཡང་ཤེས་རིག་བཀའ་བློན་མཆོག་སློབ་གྲྭར་ཕེབས་འབྱོར་སྐབས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་། སློབ་སྤྱི་ལེགས་བཤད་ཉི་མ་ལགས། དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་གཙོས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ཕེབས་བསུ་ཞུས་གྲུབ་རྗེས་བཀའ་བློན་མཆོག་གིས་བོད་ཀྱི་སྐད་ཡིག་ཁང་དང་། ཨང་རྩིས་ཁང་གཉིས་དབུ་འབྱེད་ཀྱིས་གཟིགས་ཞིབ་གནང་སོང་།

བོད་ཀྱི་སྐད་ཡིག་ཁང་གསར་འཛུགས་ཀྱི་ལས་གཞི་དེའི་འགྲོ་གྲོན་ཡོངས་རྫོགས་ཨ་རིར་གནས་བཞུགས་སྤྱི་ཟུར་པདྨ་ཕྱག་མཛོད་ཚང་ལགས་བརྒྱུད་ཡུ་ཊ་བོད་ཀྱི་ཐེབས་རྩ་ནས་ཨ་སྒོར་ཆིག་ཁྲི་ཐམ་པ་མཛའ་སྒྱུར་གྱིས་ཧིན་སྒོར་ ༨༩༣༥༠༠ ཐམ་པ་ཐབས་འཚོལ་གནང་ཡོད་པ་རེད། ལས་གཞི་འདི་ནི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམས་ལ་སློབ་ཕྲུག་ཚོར་སྐད་ཡིག་གི་རྩལ་བཞི་སྦྱོང་བརྡར་སྤྲོད་ཆེད་དཔེ་གསར་བརྙན་འཕྲིན་འཕྲུལ་ཆས་ཆེ་བ་དང་། དྲྭ་རྒྱ། བོད་ཕྱི་ནང་ནས་ཐོན་པའི་བོད་ཡིག་གི་བྱིས་སྒྲུང་དང་དཔེ་དེབ་སྣ་ཚོགས། ནག་པང་། སྦྱར་པང་། དགེ་རྒན་ལ་ཀམ་པུ་ཊར་དང་ཚོན་ལྡན་པར་སྐྲུན་འཕྲུལ་འཁོར། སྒྲ་སྒམ་སོགས་དགོས་ངེས་ཀྱི་ཆ་རྐྱེན་ཡོངས་ཚང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཀྱི་སྐད་ཡིག་ཁང་དང་པོ་དེ་ཆགས་ཡོད།

དབུ་འབྱེད་མཛད་སྒོ་གྲུབ་མཚམས་ཆུ་ཚོད་ ༡༡ ཙམ་ལ་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཚོགས་ཁང་དུ་དགེ་སློབ་ཡོངས་ལ་རྒྱ་ནག་གཞུང་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སིམ་ཡལ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་ཞིང་། སྲིད་བྱུས་དེ་དག་གིས་བོད་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་བཅས་ལ་ཉེན་ཚབས་ཆེན་པོ་འཕྲད་བཞིན་ཡོད་སྐོར་དང་། བོད་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་དེ་སློབ་ཚན་ངེས་ཅན་དུ་བཟོ་བ་མ་ཟད། རྒྱ་གཞུང་གིས་བོད་ནང་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ཞེས་མིང་འདོགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསླུ་བྲིད་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།

དེ་ནས་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མི་ཚོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་ཉར་ཚགས་དང་གོང་འཕེལ་གཏོང་བར་འགན་འཁྲི་ཆེན་པོ་ཡོད་པ་དང་། ལྷག་པར་བོད་ནང་གི་བོད་མི་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་བྱེད་པའི་གོ་སྐབས་མེད་པའི་དུས་སུ་བཙན་བྱོལ་ནང་གི་སློབ་གྲྭ་དང་། དགེ་རྒན། ཕ་མ་བཅས་ལ་མ་འོངས་མི་རབས་གསར་པ་རྣམས་ལ་རང་གི་སྐད་ཡིག་དང་། རིག་གཞུང་སློབ་དགོས་པའི་ལས་འགན་འཕར་མ་ཞིག་ཡོད་ཅེས་གསུངས་པ་དང་། སློབ་གྲྭའི་དགེ་སློབ་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེ་བའི་བཀའ་སློབ་བརྩི་སྲུང་དགོས་པའི་ནན་སྐུལ་གནང་།

དེ་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་དང་ལྷན་སློབ་གྲྭའི་སྒྲིག་ཁྲིམས་འཁུར་དགོས་པ་དང་། དགེ་རྒན་དང་ལས་བྱེད་རྣམས་ལ་བརྩི་བཀུར་དགོས་པ། སོ་སོའི་ནུས་པ་དཔག་པའི་དམིགས་ཡུལ་བཟུང་དགོས་པ། བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་དགོས་པའི་ལམ་སྟོན་གནང་མཐར་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད། སྐབས་དེར་བཀའ་བློན་མཆོག་གིས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་མ་ནང་ཁུལ་བོད་ཡིག་རྩོམ་ཡིག་འགྲན་བསྡུར་གྱི་ཕུལ་བྱུང་དང་ལེགས་གསོལ་བྱ་དགའ་བཅས་གནང་སོང་།

ཉིན་རྒྱབ་སློབ་གྲྭའི་དཔེ་མཛོད་ཁང་དུ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་དང་ལས་བྱེད་རྣམས་ལ་ལམ་སྟོན་གསུང་བཤད་གནང་སྟེ་སློབ་གྲྭའི་ཁོར་ཡུག་དང་འཕྲོད་བསྟེན་སྟངས་འཛིན་བྱེད་དགོས་གལ་ཡིན་པ་ནན་བརྗོད་དང་། སློབ་ཁྲིད་དེ་འཛིན་ཁང་ཙམ་མ་ཡིན་པར་སློབ་མ་ཚོའི་རྒྱུད་ལ་སྦྱང་འདོད་ཀྱི་འདུན་པ་སོགས་འཇགས་སུ་འཇུག་དགོས་པ། དེ་བཞིན་དགེ་ལས་ནང་ཁུལ་མཉམ་རུབ་དང་འཆམ་མཐུན་དགོས་པའི་གལ་གནད་ཐོག་ནན་སྐུལ་གནང་སོང་།

སྐབས་དེར་བཀའ་བློན་མཆོག་དང་ལྷན་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་པདྨ་ལགས་དང་། དྲུང་གཞོན་དངོས་གྲུབ་བསྟན་པ་ལགས། དྲུང་ལས་རྡོ་རྗེ་དབང་འདུས་ལགས། དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས། དྲུང་ལས་བསྟན་འཛིན་དཀོན་མཆོག་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།


སྔོན་མ།
བཙན་བྱོལ་བོད་མིའི་སློབ་ཁག་བདུན་ནང་ཐ་སྙད་ཚོགས་ཆུང་གསར་འཛུགས།