ཟླ་རེའི་གསར་འགྱུར།

སེཊེམ་ཤེས་ཡོན་བརྗེ་ལེན་གྱི་སྦྱོང་བརྡར་དང་ཚོགས་འདུ་གོ་སྒྲིག་ལེགས་པར་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་སེཊེམ་ཤེས་ཡོན་བརྗེ་ལེན་གྱི་སྦྱོང་བརྡར་དང་ཚོགས་འདུ་ཤིག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གོ་སྒྲིག་ཞུས་པ་དང་། སྦྱོང་བརྡར་དུ་དྷ་ས་ཁུལ་གྱི་སློབ་ཁག་ལྔའི་རྩིས་རིག་དགེ་རྒན་གྲངས་ ༡༢ མཉམ་ཞུགས་ཀྱིས་རྩིས་རིག་ཁྲིད་ཆས་བེད་སྤྱོད་གཏོང་ཕྱོགས་དང་། དགེ་རྒན་རྣམས་ཀྱི་ལག་ལེན་དངོས་ཀྱི་སློབ་ཁྲིད་ནུས་པ་གོང་སྤེལ། སློབ་ཕྲུག་རྣམས་ལ་རྩིས་རིག་སློབ་ཚན་ལ་སྔར་ལས་དོ་སྣང་ཆེ་རུ་གཏོང་ཐབས་བཅས་ཐོག་གོ་བསྡུར་སྦྱང་བཤད་སོགས་གང་ལེགས་གནང་།

ཕྱི་ཚེས་ ༡༤ ཉིན་སྔ་དྲོ་དབུ་འབྱེད་དུ། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་དོན། རྩིས་རིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་རྣམས་ལ་ངེས་པར་དུ་དོ་སྣང་བྱས་ཏེ་སློབ་ཁྲིད་བྱེད་དགོས་པའི་སྐོར་དང་། ཉེ་ལམ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱིས་གསལ་བསྒྲགས་བྱས་པའི་འཛིན་རིམ་དགུ་པ་དང་བཅུ་པའི་བསླབ་གཞི་རྩ་འཛིན་ནང་གལ་ཆེའི་འགྱུར་བ་ཕྱིན་པ་ཁག་ངོ་སྤྲོད་དང་སྦྲགས། དགེ་རྒན་རྣམས་ཀྱིས་སློབ་ཕྲུག་གི་ཕྱོགས་ཡོངས་ཀྱི་འཚར་ལོངས་དང་ཡར་རྒྱས་ལ་དོ་སྣང་ཆེ་རུ་གཏོང་དགོས་པ་དང་། གློག་སྟོན་བརྙན་རིས་ཙམ་མིན་པར་འཕྲུལ་རིག་ཡོ་བྱད་རྣམས་འཐུས་ཚང་སྤྱོད་དགོས་པ། དེ་བཞིན་ཁོང་གིས་དགེ་རྒན་རྣམ་པས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་པ་ནན་གྱིས་གསུངས།

སྦྱོང་བརྡར་དུ་ནཱ་ཝམ་གསར་གཏོད་ཐེབས་རྩའི་ (Navam Innovation Foundation) སྐུ་ཞབས་ནི་ཀེ་ཊོན་གར་  (Nickey Tonger) ལགས་ཀྱིས་རྩིས་རིག་ཁྲིད་ཆས་དང་འབྲེལ་བའི་ལག་ལེན་དངོས་ཀྱི་སློབ་ཁྲིད་གནང་ཡོད། སྐབས་དེར་ཁོང་གིས་ནན་བཤད་གནང་དོན་ལ། རྩིས་རིག་གི་སློབ་ཁྲིད་ནུས་པ་ལྡན་པ་ཞིག་ཡོང་བར་དགེ་རྒན་རྣམས་ཀྱིས་བྱམས་སྐྱོང་གི་འོག་ནས་སློབ་མའི་ཤེས་འདོད་དང་། གསར་གཏོད་ཀྱི་བློ། གདེང་ཚོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་དགོས་པ་དེ་ཡིན་ཞེས་གསུངས།

ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་མཇུག་བསྡོམས་སུ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་སྦྱོང་བརྡར་སྤྲོད་མཁན་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་ཤིག་ཕུལ།

མཐའ་མར་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་ཟབ་སྦྱོང་འདི་ཉིད་རྫས་འགྱུར་གྱི་རྣམ་པ་ཞིག་དང་མཚུངས་པར་གསུངས་ཤིང་། འདི་ནི་“སྤར་བྱེད་” (ignition) ལྟ་བུ་ཡིན་པ་དང་། དགེ་རྒན་རྣམས་ནི་“འགྱུར་རྫས་” (reactants) གཙོ་བོ་ཡིན་པའི་ཆ་ནས་སློབ་སྦྱོང་གི་བརྒྱུད་རིམ་ནང་དོན་སྙིང་ལྡན་པའི་འགྱུར་བ་གཏོང་མཁན་ཡིན་པའི་ནན་བཤད་གནང་ཡོད། ཟབ་སྦྱོང་འདིའི་འགྲོ་གྲོན་ཨ་རིའི་གཞུང་གིས་མཐུན་འགྱུར་གནང་བ་ཞིག་ཡིན།

འདས་པའི་ལོ་ཤས་ནང་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་ཁག་ཡོངས་ལ་ཚན་རིག་བསྟི་གནས་ཁང་གསར་འཛུགས་ཞུས་ཟིན་པ་དང་། རྩིས་ལོ་ ༢༠༢༥་་་༢༦ ལོར་ཚོད་ལྟའི་ལས་འཆར་ཚུལ་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་སུ་རྩིས་རིག་བསྟི་གནས་ཁང་གསར་འཛུགས་ཞུས་པ་དང་། ལས་འཆར་འདི་བཞིན་ཨིན་ཡུལ་གྱི་ Lord Cowdray ནས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་བརྒྱུད་རོགས་དངུལ་མཐུན་འགྱུར་གནང་བ་ཞིག་ཡིན། །


སྔོན་མ།
སློབ་གྲྭ་ཁག་ལ་ཚན་རིག་སྐུལ་འདེད་ཀྱི་ལས་གཞི།