ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་འཛིན་རིམ་དྲུག་པའི་ཚན་རིག་སློབ་ཚན་ལྷག་མ་གཏན་འབེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༡༣ ནས་ ༡༨ བར་ཉིན་གྲངས་དྲུག་གི་རིང་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་དུ་གཞི་རིམ་བར་མ་འཛིན་རིམ་དྲུག་པའི་ཚན་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། 

དེ་ཡང་ཕྱི་ལོ་ ༢༠༢༥ ནས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྟེ་གནས་ཁང་གི་སློབ་དེབ་རྣམས་གསར་དུ་རྩོམ་སྒྲིག་གིས་འགྱུར་བ་ཕྱིན་ཡོད་སྟབས། འདི་ལས་ནས་འཛིན་རིམ་དྲུག་པའི་ཚན་རིག་སློབ་དེབ་བསྐྱར་དུ་རྩོམ་སྒྱུར་གྱིས་སློབ་ཚན་དྲུག་བསྐྱར་ཞིབ་ཀྱིས་གཏན་འབེབས་ཟིན་པ་དང་། ད་ལམ་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་མི་རྣམས་བསྐྱར་དུ་ལྷན་འཛོམས་ཀྱིས་སློབ་ཚན་ལྷག་འཕྲོས་རྣམས་གཏན་འབེབས་གནང་བ་དང་། དེ་བཞིན་འདི་ལོ་འཛིན་རིམ་བདུན་པའི་ཚན་རིག་སློབ་དེབ་མུ་མཐུད་རྩོམ་སྒྱུར་ཞུ་འཆར་ཡོད།

ཐེངས་འདིའི་ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས།  ཤེས་རིག་ལས་ཁུངས་ཀྱི་ཚན་རྩིས་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཆོས་འཛིན་ལྷ་མོ་ལགས་དང་ལྷུན་གྲུབ་རྣམ་རྒྱལ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ཆེའམ་ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་ཚན་རིག་དགེ་རྒན་བསྟན་འཛིན་ལྷ་སྒྲོན་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚན་དགེ་ཟུར་པ་བསྟན་འཛིན་ཟླ་བ་ལགས་བཅས་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་ (DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས། །


སྔོན་མ།
སེཊེམ་ཤེས་ཡོན་བརྗེ་ལེན་གྱི་སྦྱོང་བརྡར་དང་ཚོགས་འདུ་གོ་སྒྲིག་ལེགས་པར་མཇུག་སྒྲིལ་བ།