
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༣༠ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་སློབ་ཐོན་དང་། ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་སྐབས་ ༢༥ པའི་སློབ་ཐོན། སྐབས་བཞིའི་པའི་རབ་བྱུང་རིག་གནས་ཆེད་སྦྱོང་འཛིན་གྲྭའི་སློབ་ཐོན་བཅས་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་མཐོ་སློབ་ཀྱི་དགེ་ལས་རྣམས་སེར་སྦྲེངས་བསྒྲིགས་ཏེ་མཛད་སྒོའི་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་ཤེས་རིག་བཀའ་བློན་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད།

དེ་རྗེས་མཐོ་སློབ་ཀྱི་འདུ་ཁང་དུ་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བགྲེས་གཞོན་རྣམ་པ། རིགས་སློབ་མ་ལག་གཉིས་ཀྱི་སློབ་དཔོན་བགྲེས་གཞོན་རྣམ་པ། གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པ། སློབ་མཐར་སོན་པའི་སློབ་ཕྲུག་དང་རིགས་སློབ་མ་ལག་གཉིས་ཀྱི་སློབ་གཉེར་བ་བཅས་ལྷན་འཛོམས་ཀྱིས་ཐོག་མར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་འདུས་ཚོགས་ནས་སྐྱབས་སེམས་དང་གང་བློ་མ་གསུང་འདོན་གནང་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་འཚམས་འདྲི་ཞུས་པ་དང་སྦྲགས་མཐོ་སློབ་ཀྱི་དམིགས་ཡུལ་དང་ངོ་སྤྲོད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་། དེ་བཞིན་མཐོ་སློབ་ལ་རྒྱུན་མཐུད་དཔལ་འབྱོར་དང་གང་ཅིའི་ཐད་ནས་རྒྱབ་སྐྱོར་གནང་མཁན་དགའ་ལྡན་ཕོ་བྲང་དང་ཤེས་རིག་ལས་ཁུངས། ཆོས་རིག་ལས་ཁུངས་མ་ཟད་སྦྱིན་བདག་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད།

དེ་རྗེས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་ཞིང་གཤེགས་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་ལགས། སློབ་གསོའི་ལམ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བསྐལ་བཟང་གི་གོ་སྐབས་བཟང་པོའི་འོག་ལོ་ངོ་མང་པོའི་རིང་དཀའ་ངལ་ལ་གདོང་ལེན་གྱིས་ཐེངས་འདིར་སློབ་མཐར་སོན་གྱི་ཡོད་པ་དང་། སློབ་མཐར་སོན་མཁན་གྱི་སློབ་མ་ཚོས་བཀའ་དྲིན་དེ་དག་སེམས་ལ་བཅངས་པའི་ཐོག་སློབ་མཐར་སོན་པའི་རྗེས་སྤྱི་ཚོགས་ནང་རབ་བྱུང་ན་གཞན་ཕན་སྒྲུབ་དགོས་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བརྒྱུད་སྤེལ་བཅས་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད། དེ་བཞིན་རིགས་སློབ་མ་ལག་གཉིས་ལ་མཐུན་རྐྱེན་རོགས་མགོན་རྒྱུན་མཐུད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་ས་རཱ་མཐོ་སློབ་ཀྱི་སྤྱི་པའི་རྒན་བདག་བཞི་ལ་རང་འཁྲིའི་ལས་ཡུན་རིང་སྤྱི་དོན་ལྷག་བསམ་ཁུར་ལེན་གནང་བར་ཡི་རངས་མཚོན་བྱེད་མཇལ་དར་དང་ཕྱག་འཁྱེར་གནང་གྲུབ་རྗེས། ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭའི་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་ཕུལ་ཡོད།

དེ་རྗེས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་སྐབས་བཞི་པའི་རབ་བྱུང་རིག་གནས་ཆེད་སྦྱོང་འཛིན་གྲྭའི་སློབ་ཐོན་པ་བརྒྱད་ལ་ཕྱག་འཁྱེར་ཕུལ་མཚམས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དུས་དེབ་གངྒཱའི་བཞད་སྒྲ་འདོན་ཐེངས་སོ་ལྔ་པ་གཙོས་པས་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་ཡོད།

སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་ས་རཱ་མཐོ་སློབ་ཀྱི་སྤྱི་ཐབ་གསར་རྒྱག་གི་མཚོན་རིགས་སློབ་མ་ལག་ལ་དཔལ་འབྱོར་མཐུན་རྐྱེན་རོགས་རམ་རྒྱུན་མཐུད་གནང་མཁན་ཀེ་རོལ་ལགས་སུ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་སྒྲོལ་དཀར་ཡིིད་བཞིན་འཁོར་ལོའི་སྣང་བརྙན་ཞིག་ཕུལ་གྲུབ་པ་དང་བསྟུན། ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་སྐབས་ ༢༥ པའི་སློབ་ཐོན་སློབ་མ་ ༢༣ ཞིག་ལ་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་ཕུལ་ཡོད།

དེ་ནས་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་ས་རཱ་མཐོ་སློབ་ཐོག་མར་གསར་འཛུགས་སྐབས་ས་ཆ་ཉོ་སྒྲུབ་ཞུ་རྒྱུས་མཚོན་རིགས་སློབ་མ་ལག་གཉིས་ལ་མཐུན་རྐྱེན་རྒྱུན་མཐུད་གནང་མཁན་༸སྐུའི་གསུང་སྒྱུར་འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་ཀྱི་ཨ་མ་ལགས་སུ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་རྒྱལ་བ་ཚེ་དཔག་མེད་ཀྱི་སྣང་བརྙན་ཞིག་གསོལ་སྩལ་དང་། དེ་བཞིན་བློ་རིག་གཞུང་ལ་སློབ་གཉེར་ཟིན་པའི་ཝི་ཡཏ་ནཱམ་སློབ་གཉེར་བ་ ༩༠ ཙམ་ཞིག་ལ་ཕྱག་འཁྱེར་ཕུལ་ཡོད་པ་དང་། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་བཞིན་དྲ་ཐོག་བརྒྱུད་བློ་རིག་ཐོག་སློབ་གཉེར་གནང་མཁན་ཝི་ཡཏ་ནཱམ་ནས་ཡིན་པའི་སློབ་གཉེར་བ་གྲངས་ ༢༠༠ ཙམ་ཞིག་ཡོད་པ་དང་ཐེངས་འདིར་ལག་འཁྱེར་བཞེས་མཁན་གྲངས་ ༩༠ ཙམ་ཞིག་ས་རཱར་ཕེབས་འབྱོར་བྱུང་ཡོད།

༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་སློབ་མཐོན་པ་རྣམས་ལ་དགེ་བཤེས་ཀྱི་ཕྱག་འཁྱེར་ཕུལ་གྲུབ་རྗེས། ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་ཐེངས་འདིར་སློབ་མཐར་སོན་པའི་སློབ་མ་རྣམས་ནས་ལོ་མང་རིང་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་ནང་ཆོས་ལ་སློབ་གཉེར་གྱིས་སློབ་མཐར་སོན་གྱི་ཡོད་པས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཉན་འཕྲང་གི་དུས་སྐབས་འདིར་བོད་རིགས་གཞོན་སྐྱེས་རྣམས་ལ་འཁྲི་པའི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེ་ཞིང་རྒྱ་ཆེ་བའི་མཛད་འཕྲིན་ལ་ཆེ་བསྟོད་དང་འབྲེལ་བོད་རིགས་ཚོའི་གཡོལ་དུ་མེད་པའི་འགན་ཁུར་ནི་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་གལ་ཆེར་འཛིན་པའི་ཐོག་ནས་ཤར་སྐྱོད་དང་། དེ་བཞིན་ཐེངས་འདིར་སློབ་པ་མཐར་སོན་གྱི་གྲུབ་འབྲས་མངོན་འགྱུར་བྱུང་ནི་མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སོང་བཀའ་དྲིན་དྲན་དགོས་པའི་ལམ་སྟོན་གནང་ཡོད།

དེ་བཞིན་བོད་མི་ཚོའི་ལྡོག་ཏུ་མེད་པའི་འགན་འཁྲི་གཙོ་བོ་གཅིག་ནི་ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེན་གྱི་རིག་གཞུང་ནི་ད་ཆ་འཛམ་གླིང་སྤྱིའི་ནོར་བུ་ལྟ་བུ་འགྱུར་ཡོད་པས་དེའི་གལ་གནད་རང་བཞིན་ཤེས་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོག་ནས་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ། བོད་ཀྱི་ངོ་བོ་རྒྱུན་གནས་གནང་དགོས་གལ། ལྷག་པར་ནང་པ་སངས་རྒྱས་པའི་ཆོས་དང་བོད་ཀྱི་རིག་གཞུང་ལ་སྦྱངས་པ་མཐར་ཕྱིན་གནང་དགོས་ཚེ་བོད་ཀྱི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་ཞིག་མེད་པར་སོང་བོད་ཀྱི་སྐད་ཡིག་སྦྱོང་དགོས་པའི་གལ་གནད་སྐོར་འགྲེལ་བརྗོད་གནང་ཡོད། ད་ལྟའི་དུས་ཚོད་ནི་གཞོན་སྐྱེས་རྣམས་ལ་གང་ཅིའི་ཐད་ནས་མཐུན་རྐྱེན་འཛོམས་པའི་དུས་ཚོད་ཅིག་ཡིན་པར་སོང་། བདེ་སྤྱོད་ཚད་ལྡན་བཏང་ཐུབ་ཚེ་ནུས་པ་ཆེན་པོ་འདོན་ཐུབ་ངེས་ཡིན་པ་གསུངས་ཡོད།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ནམ་ཡང་མ་བརྗེད་པར་ཐུགས་ལ་བཅངས་དགོས་ངེས་དང་། མགོན་པོ་གང་ཉིད་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་དགོས་གལ་དང་དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་གནང་བཞིན་པར་མཐོ་སློབ་ཀྱི་འགོ་ལས་ཡོངས་ལ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད།

དེ་བཞིན་སློབ་མཐར་སོན་པའི་སློབ་མ་རྣམས་ནས་སྤྱི་ཚོགས་ནང་རང་ཉིད་ཀྱི་སྦྱངས་པའི་ཤེས་ཡོན་དག་དོན་སྙིང་ལྡན་པའི་ཐོག་བཀོལ་སྤྱོད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་དགོས་གལ་དང་། བོད་ནང་གི་གནས་སྟངས་འགྲེལ་བརྗོད་དང་འབྲེལ་བཙན་བྱོལ་དུ་གནས་བཞིན་པའི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་བརྒྱུད་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་ཡོད། ལྷག་པར་སློབ་མཐར་སོན་པའི་སློབ་མ་རྣམས་ནས་རྒྱུན་མཐུད་སློབ་སྦྱོང་གནང་དགོས་གལ་དང་། དགེ་ལས་སློབ་ཕྲུག་རྣམས་ནས་དྲང་བདེན་གནང་དགོས་གལ། དེ་བཞིན་དགེ་རྒན་རྣམ་པས་སློབ་མའི་སེམས་ཁམས་དང་། སློབ་མའི་ལེགས་ཆ་དང་ཞན་ཆ་ངོ་འཕྲོད་པའི་ཐོག་སློབ་ཁྲིད་གནང་དགོས་པ་མ་ཟད། སློབ་མ་རྣམས་ལ་སློབ་ཚན་ཁྲིད་པ་ཙམ་མ་ཡིན་པར་སློབ་སྦྱོང་སྦྱོང་སྟངས་བཅས་ལའང་སློབ་ཁྲིད་གནང་དགོས་པའི་ལམ་སྟོན་གནང་ཡོད།

དེ་མཚུངས་དགེ་སློབ་རྣམས་ནས་སྒྲིག་འཛུགས་དང་དེའི་ནང་ནས་རང་ཁྲིམས་སྲུང་དགོས་གལ། ཕྱག་ལས་གང་ཞིག་གནང་བ་ཡིིན་རུང་ལྷག་བསམ་རྣམ་དག་དང་འདུན་པ་ཇེ་ཆེར་བསྐྱེད་པའི་ཐོག་ནས་གནང་དགོས་པ་མ་ཟད། ཆོད་སེམས་བརྟན་པོ་དང་དུས་བཀག་ཡོད་པ་ཞིག་གནང་དགོས་གལ་བཅས་ཀྱི་ལམ་སྟོན་གཟབ་ཅིང་རྒྱས་པ་གནང་ཡོད།
དེ་ནས་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་བདེ་དོན་སླད་མཛད་འཕྲིན་རྒྱ་ཆེ་རྒྱུན་མཐུད་སྐྱོང་བའི་རྟེན་འབྲེལ་མཚོན་ཕྱིར་རིགས་སློབ་མ་ལག་གི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ནས་སྟོན་པའི་སྣང་བརྙན་ཞིག་འབུལ་ལམ་ཞུས་ཡོད། མཐར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས། །










