
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཚོུད་ ༤ ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་དུ་ཕེབས་འབྱོར་བྱུང་བར་བསྟན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་དང་། སཾ་བྷོ་ཊ་བསྟན་འཛིན་སྒང་གི་དགེ་ཆེ་བསྟན་འཛིན་ནོར་བཟང་ལགས་གཙོས་པའི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། ས་གནས་ཀྱི་སྤྱི་མི་བརྒྱ་དཔོན། ས་གནས་གཞོན་ནུ་དང་བུད་མེད་ཀྱི་ཚོགས་གཙོ་སོགས་གནད་ཡོད་གཞིས་མི་ཁག་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད།

དེ་ཡང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཤེས་རིག་དྲུང་ཆེ་ནས་སཾ་བྷོ་ཊ་བསྟན་འཛིན་སྒང་སློབ་གྲྭར་འཚམས་གཟིགས་འགོ་འཛུགས་ཀྱིས་སློབ་གྲྭའི་སྔ་དྲོའི་ཞོགས་འཛོམས་དང་བྱེད་སྒོ་ཁག་ལ་རྟོག་ཞིབ་གནང་བ་དང་། ཤེས་རིག་དྲུང་ཆེ་ནས་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་ཞུས་ཤིང་ཞོགས་འཛོམས་ཀྱི་བྱེད་སྒོ་ཁག་དང་རིག་གཞུང་གཞས་སྣ་འཁྲབ་སྟོན་སོགས་ལ་བསྔགས་བརྗོད་གནང་བ་དང་། དགེ་ལས་ཡོངས་ནས་མུ་མཐུད་དེ་ལྟར་འབད་པ་ཧུར་བརྩོན་ཞུས་དགོས་པ་གསུངས་ཡོད།
དེ་རྗེས་ཤེས་རིག་དྲུང་ཆེ་ནས་དགེ་སློབ་ཡོངས་ལ་གསུང་བཤད་གནང་སྐབས། ད་ལན་གྱི་འཚམས་གཟིགས་རྟོག་ཞིབ་ལས་རིམ་གྱི་དགོས་དམིགས་སྐོར་གསུངས་ཡོད་པ་དང་། དེ་ནས་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གལ་གནད་དང་སློབ་སྦྱོང་གནང་སྟངས་ཀྱི་སྐོར་ལ་གསུངས་ཤིང་། སྤྱིར་སྐད་ཡིག་སློབ་ཚན་སྤྱི་ལ་དོ་སྣང་དགོས་པ་དང་།ལྷག་པར་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཐོག་དོ་སྣང་དང་འབད་པ་ཆེན་པོ་བྱེད་དགོས་པ་དང་། བོད་ནང་བོད་ཕྲུག་ཚོ་རྒྱ་ནག་གིས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་ཀྱིས་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་མེད་སྟབས། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་དང་སློབ་སྦྱོང་ཡག་པོ་གནང་དགོས་པ་ཤིན་ཏུ་གལ་ཆེ་བའི་སྐོར་དང་། སློབ་ཕྲུག་རྣམས་ནས་འཛིན་གྲྭའི་ནང་དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་ཐོས་པ་ཁོ་ན་མ་བྱོས་པར་དཀའ་གནད་སོགས་ལ་དོགས་འདྲི་ངེས་པར་དུ་བྱེད་དགོས་པའི་སྐོར་དང་། སློབ་ཕྲུག་ནང་ཕན་ཚུན་ཐུབ་ཚོད་དང་བརྙས་བཅོས་མ་བྱེད་པར་རྒན་གཞོན་དབར་འཆམ་མཐུན་དང་བྱམས་བརྩེ་གུས་བརྩི་དགོས་པ་གསུངས་ཡོད།

དེ་བཞིན་ཕྲུ་གུ་ཚོས་རྒྱུན་དུ་གུང་གསེང་སྐབས་དང་རང་ཁྱིམ་དུ་ཁ་པར་བལྟས་ནས་དུས་ཚོད་ཆུད་ཟོས་མ་བཏང་བར་སློབ་སྦྱོང་ཐོག་འབད་བརྩོན་དགོས་པའི་གལ་གནད་སྐོར་གསུངས་ཤིང་ས་སྐྱ་ལེགས་བཤད་ནང་། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལས་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་ལུང་དྲངས་ཏེ་ཕྲུ་གུ་ཚོས་ད་ལྟ་ནས་སློབ་སྦྱོང་ཐོག་དཀའ་སྤྱད་འབད་བརྩོན་ཆེན་པོ་བྱེད་དགོས་པ་དང་། ད་ལྟ་ནས་དཀའ་ལས་བརྒྱབ་ན་མ་འོངས་པར་ཤེས་ཡོན་ལྡན་ཞིང་ལས་ཀ་ཡག་པོ། གཞན་གྱིས་བརྩི་མཐོང་བྱ་ཡུལ་ཞིག་ཏུ་འགྱུར་ཐུབ་པ་དང་། ད་ལྟ་ཁ་པར་ནང་མགོ་འཁོར་ཏེ་སྣང་བ་སྐྱིད་པོ་དང་ལྷོད་ལྷོད་ཁོ་ན་བྱས་ཏེ་བསྡད་ན་སོ་སོའི་མིག་དང་འཕྲོད་བསྟེན་ལ་གནོད་སྐྱོན་འབྱུང་རྒྱུ་དང་། ཤེས་ཡོན་སློབ་སྦྱོང་ལ་འཐུས་ཤོར་ཕྱིན་ཏེ་མ་འོངས་པར་སློབ་སྦྱོང་གང་ཡང་མེད་མཁན་དང་གཞན་གྱིས་མཐོང་ཆུང་བྱ་ཡུལ་དུ་འགྱུར་རྒྱུ་ཡིན་པས་སློབ་སྦྱོང་ཐོག་འབད་བརྩོན་ཧུར་ཐག་བྱེད་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞེས་གསུང་བཤད་གནང་ཡོད།

གཞན་ཡང་ཤེས་རིག་དྲུང་ཆེ་ནས་སློབ་གྲྭའི་དགེ་ལས་རྣམས་ནས་ཕྲུ་གུའི་ཤེས་ཡོན་སློབ་སྦྱོང་བཟང་པོ་ཡོང་བའི་ཐོག་འབད་བརྩོན་དགོས་པ་ཤིན་ཏུ་གལ་ཆེ་བ་དང་། སློབ་ཕྲུག་ཚོས་དགེ་རྒན་རྣམ་པས་འཛིན་གྲྭའི་ནང་སློབ་ཁྲིད་གནང་སྟངས་དང་། དེ་བཞིན་དགེ་རྒན་རྣམ་པའི་ཀུན་སྤྱོད་ལའང་དོ་སྣང་དང་མིག་དཔེ་བླང་གི་ཡོད་པ་དང་། ཤེས་ཡོན་སློབ་གསོའི་ཐད་ཕྲུ་གུ་ཚོས་རང་གི་ཕ་མ་ལས་ལྷག་པ་དགེ་རྒན་ལ་ཡིད་ཆེས་དང་ཆ་འཇོག་ཆེ་བ་བྱེད་ཀྱི་འདུག་སྟབས། དགེ་རྒན་ཚོས་སློབ་ཁྲིད་ཚད་ལྡན་དགོས་པ་མ་ཟད། རྒྱུན་དུ་སྒོ་གསུམ་ཀུན་སྤྱོད་བཟང་པོ་དགོས་པ་ཤིན་ཏུ་གལ་ཆེ་བ་དང་། ལྷག་པར་དགེ་ལས་རྣམ་པ་ཞོགས་འཛོམས་དང་འཛིན་གྲྭར་དུས་ཐོག་ཕེབས་མ་ཐུབ་ན་སློབ་ཕྲུག་རྣམས་ལ་སློབ་གསོ་ཇི་ལྟར་རྒྱག་ཐུབ་བམ་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་ལྷན་འཛོམས་སྐབས་ཤེས་རིག་དྲུང་ཆེ་ནས་ཐོག་མར་འཚམས་འདྲི་ཞུས་ཏེ་ད་ལན་འཚམས་གཟིགས་ཀྱི་དགོས་དམིགས་སྐོར་གསུངས་པ་དང་། ནམ་རྒྱུན་ས་གནས་སློབ་གྲྭ་ཁག་གི་གནས་ཚུལ་འདྲ་མིན་ཅི་རིགས་གོ་རྒྱུ་ཐོས་རྒྱུ་ཙམ་ལས་མེད་སྟབས། ཐོས་པ་བརྒྱ་ལས་མཐོང་བ་གཅིག་ཅེས་བརྗོད་པ་ལྟར། ད་ལན་ས་གནས་སློབ་གྲྭ་ཁག་ཏུ་དངོས་སུ་བསྐྱོད་པའི་ཐོག་གནས་སྟངས་རྟོག་ཞིབ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བཟང་པོ་བྱུང་བར་དགའ་པོ་བྱུང་བ་དང་། གཞན་ཡང་ཕྲུ་གུའི་ཤེས་ཡོན་སློབ་གསོ་ནི་དགེ་རྒན་དང་ཕ་མ་གཉིས་ཀར་བརྟེན་པ་ཞིག་ལས་ཕྱོགས་གཅིག་ཁོ་ནའི་འགན་མིན་པས་ནུས་པ་མཉམ་སྤུངས་དགོས་པ་དང་། དཔེ་ཀློག་གི་གལ་གནད་དང་དེའི་ཐོག་འབད་བརྩོན་དགོས་པའི་སྐོར་སོགས་ཀྱི་ཐོག་ལམ་སྟོན་གནང་སྟེ་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སློབ་གྲྭའི་འཚམས་གཟིགས་ལས་རིམ་གྲུབ་ཡོད།
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་བསྟན་འཛིན་སྒང་གཞིས་ཆགས་དང་། ས་གནས་འགོ་འཛིན་ལས་ཁུངས། མཉམ་འབྲེལ་ལས་ཁུངས་དང་ལས་བྱེད་རྣམ་པ། འཕྲོད་བསྟེན་སྨན་ཁང་བཅས་ལ་མཚམས་གཟིགས་གནང་གྲུབ་རྗེས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།















