ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གཞི་རིམ་འོག་མའི་ཨིན་དགེ་རྣམས་ལ་ཇོ་ལི་སྒྲ་གདངས་ཀྱི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༩ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་གཞི་རིམ་འོག་མའི་ཨིན་དགེ་རྣམས་ལ་ཇོ་ལི་སྒྲ་གདངས་ཀྱི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས། ཟབ་སྦྱོང་གི་ཁྱད་སྟོན་པ་བསྟན་འཛིན་དཔལ་མོ་ལགས། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བསོད་ནམས་གངས་བཟང་ལགས། དེ་བཞིན་སཾ་བྷོ་ཊ་བོད་སློབ་ ༢༧ ནས་དགེ་རྒན་གྲངས་ ༢༨ བཅས་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་ཡོད།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་གནང་གྲུབ་རྗེས་ཟབ་སྦྱོང་གི་ཁྱད་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བྱིས་པའི་ཀློག་རྩལ་ལས་འགུལ་བརྒྱུད་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ཏུ་སྐོར་སྐྱོད་ཕེབས་སྐབས་སློབ་ཕྲུག་གི་ཕ་མ་རྣམས་ནས་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་གི་ཡོད་པ་མ་ཟད། བྱིས་པའི་ཀློག་རྩལ་དེ་གལ་འགངས་ཆེ་ཆེན་པོ་བརྩི་བཞིན་ཡོད་པ་འགྲེེལ་བརྗོད་གནང་།

དེ་བཞིན་ཕྲུ་གུའི་མདུན་ལམ་ཆེད་དགེ་རྒན་དང་ཕ་མ་གཉིས་ཀའི་ལས་འགན་ཆེན་པོ་ཡོད་པ་ནན་བརྗོད་གནང་བ་དང་སྦྲགས། སློབ་གྲྭ་ཁག་ཏུ་སྐད་ཡིག་ཁང་དང་། ཁྲིད་ཆས་སོགས་ཀྱི་མཐུན་རྐྱེན་གང་མང་བསྐྲུན་དགོས་གལ་དང་། ཟབ་སྦྱོང་དུ་ཕེབས་པའི་དགེ་རྒན་རྣམས་ནས་སོ་སོའི་སློབ་གྲྭར་ཕྱིར་ཕེབས་ཏེ་ཟབ་སྦྱོང་རིང་ཐོབ་པའི་བཀོལ་སྤྱོད་གནང་དགོས་པའི་སྐུལ་མ་གནང་།

དེ་རྗེས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཕྲུ་གུ་ཞིག་གི་མི་ཚེའི་རྨང་གཞི་གཏིང་མཁན་ལྟ་བུ་ནི་གཞི་རིམ་འོག་མའི་དགེ་རྒན་རྣམས་ཡིན་པས་དགེ་རྒན་སྤུས་ཚད་ལྡན་པ་ཞིག་བསྐྲུན་རྒྱུ་ལ་དམིགས་ཡོད་པ་འགྲེལ་བརྗོད་གནང་། གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ལས་འགན་འཕར་མ་ཞིག་ཡོད་སྐོར་གསུང་སྐབས་དགེ་རྒན་ཚོས་དཀའ་ངལ་དེ་དག་གདོང་ལེན་གནང་དགོས་པ་དང་། ཕྲུ་གུར་ཕན་ཐོགས་ཆེད་རང་ཉིད་མ་ཤེས་པ་རྣམས་ཤེས་པར་བྱེད་དེ་གདེང་ཚོད་ལྡན་པ་ཞིག་དགོས་གལ་ཡིན་སྐོར་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་། ཁོང་གིས་ཐོག་མར་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་དུ་ཕེབས་མཁན་དགེ་རྒན་ཁྲོད་གཞོན་སྐྱེས་མང་དག་ཅིག་ཡོད་པ་དང་། སོ་སོའི་ལས་དོན་ཐོག་ལ་གདེང་སྤོབས་དང་། དོ་སྣང་གནང་བར་བསྔགས་བརྗོད་དང་། ཟབ་ཁྲིད་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་ཉིན་བཞིའི་རིང་ཐུགས་ཁུར་ཆེ་བཞེས་ཀྱིས་སློབ་ཁྲིད་དང་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། མ་འོངས་པར་ཤེས་རིག་ལས་ཁུངས་དང་ལྷན་ལས་གཞི་འདི་ལྟ་བུ་ཞིག་སྤེལ་འཆར་ཡོད་པའི་སྐོར་གསུངས།

དེ་ནས་བཀའ་བློན་མཆོག་གིས་དགེ་རྒན་རྣམས་ནས་ཉིན་བཞིའི་ཟབ་སྦྱོང་རིང་གང་ཤེས་པ་རྣམས་གོོམས་འདྲིས་གནང་དགོས་གལ་དང་། ལྷག་པར་དེང་སང་དྲ་རྒྱའི་དུས་ཚོད་སྐབས་སོ་སོ་རང་ཉིད་སྦྱང་ཤེས་བྱས་ཏེ་གནས་ཚད་ཡར་རྒྱས་གཏོང་དགོས་པ། དེའི་ཐོག་ཤེས་རིག་ལས་ཁུངས་ནས་མུ་མཐུད་མཐུན་འགྱུར་ཞུ་རྒྱུ་ཡིན་ཞེས་དང་། ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ནས་བཟུང་བོད་ཡིག་གཙོ་དོན་གྱི་བསླབ་གཞི་ལག་བསྟར་གནང་དང་གནང་མུས་ཡིན་ཀྱང་། ཕྲུ་གུའི་མདུན་ལམ་ཆེད་ཨིན་ཡིག་ཀྱང་དེ་ཙམ་གལ་ཆེན་པོ་ཡིན་པ་གསུངས། ཁོང་གིས་དགེ་རྒན་ཞིག་ལ་ཤེས་ཚད་དང་། སྤྱོད་ལམ། མི་གཤིས་བཟང་པོ་དགོས་གལ་ཡིན་པ་དང་། སློབ་ཁྲིད་གནང་སྐབས་སློབ་ཕྲུག་དབུས་སུ་བཞག་སྟེ་བརྩེ་བའི་ཐོག་ནས་སློབ་ཁྲིད་གནང་དགོས་པ། དེ་བཞིན་ཕྲུ་གུར་སོ་སོ་རང་མགོ་ཐོན་ཙམ་མ་ཡིན་པར་སྤྱི་ཚོགས་ལ་ཕན་པ་སྒྲུབ་པ་དང་། ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཐུབ་པ། བོད་ཀྱི་རིག་གཞུང་དང་སྐད་ཡིག་གཅེས་སྐྱོང་བྱེད་ཐུབ་པ། བོད་རྩ་དོན་ལ་ཕན་པའི་བསམ་བློ་ལྡན་པའི་གང་ཟག་ཅིག་བསྐྲུན་དགོས་གལ་ཐོག་ནན་སྐུལ་གནང་ཡོད།

མི་རིགས་དང་རྒྱལ་ཁབ་ཅིག་གི་ཁ་ཕྱོགས་གང་དུ་འགྲོ་མིན་དེ་མི་རིགས་དེའི་ཤེས་ཡོན་ལ་རག་ལས་ཡོད་པ་དང་། ཤེས་ཡོན་དེ་དགེ་རྒན་ལ་རག་ལས་དུས་དགེ་རྒན་རྩ་ཆེན་པོ་ཡིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་སློབ་གྲྭ་ཁག་ཏུ་སཱི་ཤེས་ཡོན་ལག་བསྟར་གནང་བཞིན་ཡོད་སྐབས་ཕྲུ་གུའི་རྒྱུད་ལ་བཟང་སྤྱོད་གོང་འཕེལ་ཐོག་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་དམིགས་བསལ་གྱི་ལས་འགན་ཞིག་ཆགས་ཀྱི་ཡོད་ཅེས་སོགས་གསུངས།

གཞི་རྩའི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་གཞི་རིམ་འོག་མའི་ཨིན་དགེ་རྣམས་ལ་ཇོ་ལི་སྒྲ་གདངས་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༦ ནས་ ༡༩ བར་ཚོགས་ཡོད་ཅིང་། སྐབས་དེར་སཾ་བྷོ་ཊ་བོད་སློབ་ ༢༧ ནས་གཞི་རིམ་འོག་མའི་ཨིན་དགེ་གྲངས་ ༢༨ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་རིང་དགེ་རྒན་རྣམས་ལ་ཀློག་རྩལ་དང་།  ཡི་གེ་ཆགས་ཚུལ། སྐད་དང་ཡི་གེ་ངོས་འཛིན། བསྐྱར་སྐོར་བྱེད་ཕྱོགས་ཀྱི་སྦྱོར་བརྡར་བཅས་ཟབ་ཁྲིད་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་བརྒྱུད་མཐུན་འགྱུར་གནང་བ་ཞིག་ཡིན་པ་བཅས།།


སྔོན་མ།
བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་ཁག་གཉིས་འགོ་འཛུགས་གནང་།