
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༦ ནས་ ༢༦ བར་ཉིན་གྲངས་བཅུའི་རིང་འདི་ག་ལས་ཁུངས་ཀྱི་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་བཅས་ཀྱི་ཟབ་སྦྱོང་ཁག་གཉིས་འགོ་འཛུགས་གནང་ཡོད།
དེ་ཡང་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གནང་དོན་དུ། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་དགེ་རྒན་རྣམས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་ཚད་ཇེ་མཐོར་གཏོང་བའི་བརྒྱུད་སློབ་ཕྲུག་རྣམས་ལ་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་ཐབས་ཞུ་རྒྱུ་དེ་ཡིན་པས། ཐེངས་འདིའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་ནང་བོད་ཁྱིམ་གཉིས་དང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ ༢༤ ནས་དགེ་རྒན་གྲངས་ ༣༠ དང་། གཞི་རིམ་འོག་མའི་དགེ་རྒན་གྱི་ཟབ་སྦྱོང་ནང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ ༡༠ ནས་དགེ་རྒན་གྲངས་ ༡༨ བཅས་ཁྱོན་བསྡོམས་དགེ་རྒན་གྲངས་ ༤༨ ནས་མཉམ་ཞུགས་གནང་ཡོད། ཉིན་གྲངས་བཅུའི་ཟབ་སྦྱོང་སྐབས་ཉིན་རེར་བརྡ་དག་གི་ཚོགས་ཐུན་གཅིག་དང་། སྒྲ་ཕབ་ཀྱི་ཚོགས་ཐུན་གཅིག གཞུང་འབྲེལ་ཡིག་བཟོའི་ཚོགས་ཐུན་གཅིག ཀློག་རྩལ་སྦྱོང་བརྡར་གྱི་ཚོགས་ཐུན་གཅིག་བཅས་ཚོགས་ཐུན་ལྔར་གཏན་འཁེལ་ཡོད་ཅིང་། སྒྲ་ཕབ་དང་ཀློག་རྩལ་སྦྱོང་བརྡར་གྱི་ཚོགས་ཐུན་གཉིས་སུ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ཀྱི་དཔེ་དེབ་ལས་ལེའུ་བང་རིམ་བཞིན་སྒྲ་ཕབ་དང་ཀློག་རྩལ་གྱི་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་བཅས་ཀྱི་ངོ་སྤྲོད་གནང་།

དེ་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་ཏེ། སྤྱིར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་རྒན་ལགས་རྣམ་པས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་གསོའི་བརྒྱུད་འབྲི་ཀློག་ཙམ་མིན་པར་སློབ་ཕྲུག་ཚོའི་ཀུན་སྤྱོད་དང་བསམ་བློ་གཏོང་སྟངས་ཚུན་ལ་ཐུགས་ཁུར་ཆེ་བཞེས་དགོས་པ་མ་ཟད། གཞི་རིམ་འོག་མའི་ཐོག་གཞི་རིམ་བར་མའི་སློབ་ཚན་ཁག་ཅིག་ཀྱང་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས། དུས་ནས་དུས་སུ་རྒན་ལགས་རྣམ་པའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་གལ་ཆེར་བརྩིས་ཏེ་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་པས་ཚང་མས་ཐུགས་སྣང་ཆེན་པོས་སྦྱང་བརྩོན་གནང་དགོས།

བོད་ནང་རྒྱ་ནག་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དང་རྒྱ་གར་ནང་ང་ཚོའི་གནས་སྟངས་ལ་གཞིགས་ན་མ་འོངས་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་བབས་ཇི་ཆགས་བློ་འཚབ་དགོས་པ་ཞིག་འདུག་པས། ང་ཚོས་གནས་སྟངས་དེར་གདོང་ལེན་དང་ངེས་པར་དུ་ཤུགས་རྒྱག་དགོས། དེང་གི་ཆར་ཤེས་ཡོན་སློབ་གསོའི་ལས་དོན་མང་པོར་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་ལྟར་ནུབ་ཕྱོགས་ཀྱི་ལྟ་གྲུབ་མང་པོ་ཞིག་བོད་པའི་གོམས་གཤིས་སུ་འཇུག་ཐབས་བྱས་པ་རན་འཚམས་མ་མཐོང་ཞིང་། དཔེར་ན་བྱིས་པས་སྒྲུང་དེབ་དང་དཔེ་དེབ་སྐད་ཤུགས་ཆེན་པོས་ཀློག་འདོན་བྱེད་ན་བྱིས་པའི་སེམས་ཁམས་དང་གདེང་སྤོབས་ལ་གནོད་སྐྱོན་ཡོང་ཚུལ་གསུངས་པ་ནི་བློར་འབབ་དཀའ་ཞིང་། བོད་པས་སྲོལ་རྒྱུན་གཞིར་བཞག་གིས་བྱིས་པས་དཔེ་ཀློག་བྱེད་སྐབས་སྐད་ཤུགས་ཆེན་པོ་རྒྱག་དགོས་ཚུལ་གསུངས་སྟབས། དེ་ལྟ་བུའི་ནུབ་ཕྱོགས་ཀྱི་བཤད་ཚུལ་རྣམས་བོད་པར་འཚམས་མིན་བསམ་གཞིག་བྱེད་དགོས་སྙམ། འོན་ཀྱང་བྱིས་པས་སྐད་ཤུགས་ཆེན་པོས་བཀླགས་རྗེས་དགེ་རྒན་གྱིས་འགྲེལ་བརྗོད་དང་བཤད་པ་བྱེད་སྟངས་ལ་བརྟེན་ནས་བྱིས་པའི་སེམས་ཁམས་དང་གདེང་སྤོབས་ལ་གནོད་སྐྱོན་འབྱུང་སྲིད་པས་དེ་ནི་སྐད་ཤུགས་ཆེན་པོ་རྒྱག་པའི་ཉེས་པ་མིན་ཚུལ་བཅས་ཀྱི་སྐོར་གསུངས།

དེ་ནས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་འཇམ་དབྱངས་དབང་རྒྱལ་ལགས་ནས། དགེ་རྒན་ཞིག་གིས་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་པར་དང་ཐོག་དགེ་རྒན་སོ་སོའི་ཤེས་ཡོན་གནས་ཚད་དེ་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པས། ཟབ་ཁྲིད་པས་འཆད་འཁྲིད་གང་གནང་ལ་ཐུགས་སྣང་དང་ནང་དོན་གསལ་པོ་ཆགས་མིན་བྱུང་ཚེ་དོགས་འདྲི་ངེས་པར་དུ་ཞུ་དགོས། སྤྱིར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་དགོས་པ་སྨོས་མེད་ཀྱང་། འཛིན་རིམ་དགུ་པ་ཡན་ལ་སྤྱི་ཚོགས་ཚན་རིག་དང་འབྲེལ་བའི་ཐ་སྙད་མང་པོར་མགོ་བོ་མི་རྨོངས་པའི་ཆེད་སློབ་ཁྲིད་ཀྱི་ཞོར་འཕྲོས་སུ་སྤྱི་ཚན་གྱི་གལ་ཆེའི་ཐ་སྙད་རྣམས་སྐབས་རེ་བོད་ཨིན་ཤན་སྦྱར་ཐོག་ངོ་སྤྲོད་ཐུབ་ན་དགེ་མཚན་ཆེ་བ་མེད་དམ་སྙམ། ང་ཚོ་དགེ་རྒན་མང་པོ་ཞིག་འཛིན་གྲྭའི་ནང་གཏམ་བཤད་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད་པས། འཛིན་གྲྭའི་ནང་དགེ་རྒན་གྱི་གཏམ་བཤད་མང་མ་དྲགས་པར་སློབ་ཕྲུག་ཚོ་ལའང་ཉན་འཇོག་བྱེད་ཐུབ་མཁན་ཞིག་དགོས། དེས་ན་ད་ལན་ཟབ་སྦྱོང་འདིར་བཅར་མཁན་གྱི་རྒན་ལགས་རྣམ་པས་ང་དགེ་རྒན་ཡིན་བསམ་པའི་ཀུན་སློང་དེ་གནས་སྐབས་ཕར་བཞག་སྟེ་ཨིན་སྐད་ནང་ Learn to Unlearn ཞེས་པ་ལྟར་སྔར་ཡོད་ཀྱི་བསམ་བློ་དང་བག་ཆགས་ཐོག་བློ་བསྐྱེད་གསར་པ་གང་མང་གསོག་སྒྲུབ་བྱ་རྒྱུར་འབད་བརྩོན་གནང་དགོས་པའི་ནན་སྐུལ་གནང་།
མཐར་སྲོལ་རྒྱུན་ཤེས་ཡོན་ཚན་པའི་ལས་བྱེད་བསྟན་འཛིན་ཡེ་ཤེས་ལགས་ནས་ཟབ་སྦྱོང་ཚོགས་ཡུལ་གྱི་འགོ་ལས་གཙོས་སྐུ་མགྲོན་དང་། ཟབ་ཁྲིད་པ། གཞན་ཡང་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་མཇུག་བསྒྲིལ། །

