ཟླ་རེའི་གསར་འགྱུར།

བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༦ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་དང་། སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བགྲེས་གཞོན་རྣམ་པ་གཉིས། ཟབ་ཁྲིད་གནང་མཁན་གཙུག་ལག་རབ་འབྱམས་པའི་སློབ་དཔོན་དང་། རིག་གནས་རབ་འབྱམས་པའི་སློབ་དཔོན་བགྲེས་གཞོན། དེ་བཞིན་སློབ་སྡེ་ཁག་གསུམ་གྱི་གཞི་རིམ་བར་མ་དང་འོག་མའི་དགེ་རྒན་གྲངས་ ༤༨ བཅས་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་སོང་།

དེ་ཡང་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་དང་འབྲེལ་ཟབ་སྦྱོང་ཁྲོད་ཟབ་ཁྲིད་ཇི་ཞིག་གནང་སྐོར་བཅས་ཟབ་སྦྱོང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་གནང་གྲུབ་མཚམས་བོད་པའི་སློབ་སྡེ་ཁག་གསུམ་གྱི་གཞི་རིམ་བར་མ་དང་འོག་མའི་ཚོགས་བཅར་བ་དགེ་རྒན་བཞི་ནས་ཉིན་གྲངས་བཅུའི་རིང་གི་ཟབ་སྦྱོང་གི་མྱོང་ཚོར་དང་བསམ་ཚུལ་མཉམ་སྤྱོད་དང་འབྲེལ། ཟབ་སྦྱོང་རིང་བོད་ཀྱི་བརྡ་སྤྲོད་དང་། ལོ་རྒྱུས། གཞུང་ཡིག ཡིག་གཟུགས་བཅས་ཀྱི་ཐོག་སྦྱང་རྒྱུའི་གོ་སྐབས་བྱུང་བར་ཕན་ནུས་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས་མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་ཟབ་ཁྲིད་གནང་མཁན་དགེ་རྒན་གཙོས་པས་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།

དེ་རྗེས་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་ནས་གསུང་བཤད་གནང་དོན། དགེ་རྒན་གྱི་ལས་འགན་ནི་ཧ་ཅང་གི་རྩ་ཆེན་པོ་ཞིག་ཡིན་པ་དང་། དགེ་རྒན་ཚོས་སློབ་མ་རྣམས་ལ་སློབ་ཁྲིད་གནང་སྐབས་སློབ་མའི་མ་འོངས་མདུན་ལམ་དང་བོད་རྩ་དོན་ཐོག་བསམ་བློ་གཏང་ཕྱོགས་ཐད་སློབ་གསོ་བསྐྱོན་དགོས་པའི་ནན་བརྗོད་དང་སྦྲགས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱེད་པ་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་རྒྱུ་ཡིན་སྐོར་དང་འབྲེལ་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས་བོད་པའི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་གནང་དགོས་གལ་ཡིན་པ་བཅས་གསུངས།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་ཟབ་ཁྲིད་པ་རྣམ་པར་ཕྱག་རྟགས་དང་ཚོགས་བཅར་དགེ་རྒན་རྣམས་ལ་ཕྱག་འཁྱེར་ཕུལ་གྲུབ་རྗེས། ཤེས་རིག་བཀའ་བློན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་དེ་བཞིན་ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམ་པ་ཚོའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་སླད་དུ་དམིགས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཟབ་སྦྱོང་ཐོག་ཕེབས་པའི་དགེ་རྒན་རྣམས་ནས་མྱོང་ཚོར་མཉམ་སྤྱོད་སྐབས་ཟབ་སྦྱོང་འདི་ཉིད་ཕན་ནུས་ལྡན་པ་དང་དགོས་གལ་ཅན་ཞིག་ཡིན་ཚུལ་གསུངས་པ་ལྟར་ཟབ་ཁྲིད་གནང་མཁན་སློབ་དཔོན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དགེ་རྒན་རྣམས་ནས་ཉིན་གྲངས་བཅུའི་རིང་གི་ཟབ་སྦྱོང་ཁྲོད་ཐོབ་པའི་ཤེས་ཡོན་དག་རྒྱུན་མཐུད་སྦྱོང་སྤྱོད་སྤེལ་གསུམ་གྱི་སྒོ་ནས་སློབ་མ་རྣམས་ལ་སློབ་ཁྲིད་གནང་དགོས་པའི་ལམ་སྟོན་གནང་ཡོད།

དེ་བཞིན་དགེ་རྒན་གྱི་ཕྱག་ལས་ནི་གལ་གནད་ཆེན་པོ་ཡིན་སྐོར་དང་འབྲེལ། མི་རིགས་གཅིག་གནས་མ་གནས་དང་ཤེས་ཡོན་གི་ཁ་ཕྱོགས་གང་དུ་འགྱུར་མིན་དེ་དགེ་རྒན་ལ་རག་ལས་ཡོད་པ་དང་། ལྷག་པར་བོད་མི་རྣམས་ནི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་གཞིས་ལུས་བོད་མི་རྣམས་ཀྱི་དཀའ་སྡུག་སེམས་ལ་བཅངས་པའི་ཐོག་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཚེ་མི་རིགས་ལ་ཞབས་འདེགས་གྲུབ་པ་ཞིག་ཡིན་ཞེས་གསུངས།


ཤེས་ཡོན་སྲིད་བྱུས་དང་འབྲེལ་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་སྲིད་བྱུས་དང་སློབ་ཁྲིད་སྐབས་སློབ་མ་དབུས་སུ་བཞག་པའི་ཤེས་ཡོན་སྲིད་བྱུས་ལ་འགྲེལ་བརྗོད་ཀྱིས་དགེ་རྒན་རྣམས་ནས་དེ་ལྟར་ལག་བསྟར་གནང་དགོས་པ་མ་ཟད། བོད་ཡིག་གཙོ་བོར་བཞག་པའི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ཤེས་པ་ཙམ་མ་ཡིན་པར་ལག་བསྟར་གནང་དགོས་གལ། དེ་བཞིན་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་གཞི་ལ་བཞག་པའི་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་དེབ་ཆུང་ཞིག་བཟོ་འཆར་ཡོད་པ་བཅས་གསུངས་ཡོད།

བོད་ནང་གི་གནས་སྟངས་དང་འབྲེལ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གསར་གཏན་འབེབས་ཀྱིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་དམ་བསྒྲགས་དང་རྩ་མེད་གཏོང་བཞིན་ཡོད་པར་སོང་། བྱེས་སུ་གནས་པའི་བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་སྐད་ཡིག་བཅས་པར་སྔར་ལྷག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་དགོས་པའི་དུས་ཚོད་ཅིག་ཆགས་ཀྱི་ཡོད་སྐོར་དང་། དགེ་རྒན་རྣམས་ནས་སློབ་མར་རྒྱལ་ཞེན་གྱི་སློབ་གསོ་གང་མང་བསྐྱོན་དགོས་པ་མ་ཟད་མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་མཁན་གྱི་སློབ་མ་ཞིག་གསོ་སྐྱོང་གནང་དགོས་གལ་བཅས་ཀྱི་ཐོག་ལམ་སྟོན་གསུང་བཤད་ཟབ་ཅིང་རྒྱས་པ་གནང་གྲུབ་རྗེས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དྲུང་ཡིག་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་མཇུག་བསྡོམས་མཛད་སྒོ་མཇུག་སྒྲིལ་ཡོད།

སྤྱིར་ཟབ་སྦྱོང་དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༦ ནས་ ༢༦ བཅས་ཉིན་གྲངས་བཅུ་རིང་ཚོགས་ཡོད་ཅིང་། ཟབ་སྦྱོང་ཁྲོད་དགེ་རྒན་རྣམས་ལ་བརྡ་དག་དང་། སྒྲ་ཕབ། གཞུང་འབྲེལ་ཡིག་བཟོ། ཀློག་རྩལ་སྦྱོར་བརྡར། ཡིག་གཟུགས། སྤྱི་ཚན་སློབ་དེབ་ངོ་སྤྲོད། བོད་ཀྱི་ལོ་རྒྱུས་ཁྲིད་ཐབས། སྤྱི་ཚོགས་ཚན་རིག་གི་གལ་གནད་བཅས་ཀྱི་ཐོག་ཟབ་ཁྲིད་གནང་ཡོད་པ་བཅས། །


སྔོན་མ།
ཕྱི་ལོ་ ༢༠༢༦ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་ ༢༠༢༦ ལོའི་ཤེས་རིག་ཕུལ་བྱུང་བྱ་དགའ་དང་འབྲེལ་བའི་གསལ་བསྒྲགས།