ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སེཊེམ་རིག་ཚན་འགྲེམས་སྟོན་གྱི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༤ ནས་ ༡༧ བར་ཉིན་གྲངས་བཞིའི་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གོ་སྒྲིག་ཞུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སེཊེམ་རིག་ཚན་འགྲེམས་སྟོན་ཐེངས་དགུ་པ་དེ་བཞིན་ལེགས་གྲུབ་བྱུང་ཡོད་ཅིང་། འགྲེམས་སྟོན་ཐོག་བོད་སློབ་ཁག་ ༢༠ ནས་འགྲེམས་སྟོན་གྲངས་ ༡༣༩ ཤེས་རིག་ལས་ཁུངས་སུ་ཕུལ་བ་ལྟར། ཤེས་རིག་ལས་ཁུངས་ནས་དཔྱད་ཞིབ་གནང་འབྲས་སུ་འགྲེམས་སྟོན་གྲངས་ ༤༢ འདེམས་སྒྲུག་གིས་འགྲེམས་སྟོན་གནང་ཡོད།

འགྲེམས་སྟོན་འདིའི་བརྒྱུད་སློབ་མའི་ཚན་རིག་ལ་དོ་སྣང་དང་། གསར་གཏོད་ཀྱི་རང་བཞིན། ཁོར་ཡུག་གི་གོ་རྟོགས། ཚན་རིག་དང་། འཕྲུལ་ཆས། བཟོ་རིག ཨང་རྩིས་ (སེཏེམ་) བཅས་བཀོལ་སྤྱོད་ཀྱིས་ལག་ལེན་ལྡན་པའི་གསར་གཏོད་ཀྱི་ཐབས་ལམ་དག་གསལ་སྟོན་གནང་ཡོད།

འགྲེམས་སྟོན་དེ་བཞིན་ STEM for a Developed and Self-Reliant India ཞེས་པའི་བརྗོད་གཞིའི་འོག་གོ་སྒྲིག་གནང་བ་ཞིག་དང་། ཚོགས་བཅར་བ་རྣམས་ལ་ཚན་རིག་གི་ཤེས་རྒྱ་དང་བཟོ་སྐྲུན་རིག་པ་བཅས་བཀོལ་སྤྱོད་ཀྱིས་དེང་དུས་ཀྱི་སྤྱི་ཚོགས་དང་ཁོར་ཡུག་གི་དཀའ་ངལ་སེལ་ཐབས་བྱ་རྒྱུར་སྐུལ་འདེད་གནང་ཡོད། འགྲེམས་གཟུགས་རྣམས་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་གི་ཚད་གཞིའི་ཐོག་ནས་འདེམས་སྒྲུག་བྱེད་པ་ཞིག་ཡིན་པ་དང་། འགྲེམས་སྟོན་ཐོག་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ལྔ་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སློབ་གྲྭ་གཅིག སཾ་བྷོ་ཊའི་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་བཅུ་བཅས་མཉམ་ཞུགས་གནང་ཡོད།

དེ་བཞིན་འགྲེམས་སྟོན་ཐོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཞི་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་རྣམས་ནས་ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་ཁག་ཏུ་ལག་བསྟར་གནང་མུས་ཡིན་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་སྒྱུ་རྩལ་གྱི་ལམ་ནས་རང་བྱུང་ཚན་རིག་གི་ལས་གཞིའི་འོག་སྒྱུ་རྩལ་གྱི་རི་མོ་ཁག་གཅིག་འགྲེམས་སྟོན་གནང་ཡོད།

འགྲེམས་སྟོན་འདི་ཉིད་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་ཆེ་བསྟོད་སྐུ་མགྲོན་དུ་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ནས་འབུམ་རམས་པ་ལལ་མིན་ཐང་ཀིཔ་གྷེན་ (Dr. Lalminthang Kipgen) ལགས། དེ་བཞིན་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་དང་འགན་འཛིན་གཞོན་པ་བཅས་ཕེབས་ཞུགས་གནང་ཡོད།

ཤེས་རིག་ལས་ཁུངས་ནས་ཕྱི་དྲོར་བགྲོ་གླེང་གི་ལས་རིམ་ཞིག་འགོ་འཛུགས་ཀྱིས་སྐབས་དེར་ཚན་རིག་ཤེས་ཡོན་འགན་འཛིན་ནས་བོད་ནང་ཕྱི་ལོ་ ༡༩༥༩ གོང་སེཊེམ་ཤེས་ཡོན་ (STEM Education in Tibet before 1959) ཞེས་པའི་བརྗོད་གཞིའི་ཐོག་འགྲེལ་བརྗོད་གནང་གྲུབ་རྗེས། འགྲེམས་སྟོན་ཐོག་ཆེད་ཕེབས་གནང་མཁན་གྱི་ཚན་རིག་པ་དང་། ཤེས་ཡོན་ཅན་བཅས་ནས་སོ་སོའི་སློབ་སྦྱོང་གི་བརྒྱུད་རིམ་དང་། ཞིབ་འཇུག་གི་ཉམས་མྱོང་། སེཊེམ་ཤེས་ཡོན་ནང་མདུན་ལམ་གྱི་གོ་སྐབས་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་བ་མ་ཟད། སློབ་ཕྲུག་རྣམས་ལ་མ་འོངས་ལམ་སྟོན་དང་འབྲེལ་ཚན་རིག་ཁྱབ་ཁོངས་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ཚན་རིག་དང་འབྲེལ་བའི་ལས་རིགས་ཁག་འདེམ་དགོས་པའི་སྐུལ་འདེད་གནང་ཡོད།

ཕྱི་ཟླ་ ༧ ཚེས་ ༡༥ ཉིན་འགྲེམས་གཟུགས་དེ་དག་མང་ཚོགས་ལ་གཟིགས་འབུལ་ཆེད་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་ལྟར། དྷ་སའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་། སུ་ཇཱ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། དཔེ་སྟོན་སློབ་གྲྭ། གྷོ་པལ་པུར་བོད་ཁྱིམ་བཅས་ཀྱི་སློབ་ཕྲུག་དང་། དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་ནས་ཀྱང་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཡོད་ཅིང་། སློབ་ཕྲུག་ཚོས་རང་ཉིད་ཀྱི་འགྲེམས་གཟུགས་ལ་འགྲེལ་བརྗོད་དང་འབྲེལ་གོ་བསྡུར་གནང་ཡོད།

གོང་ཚེས་ཉིན་གྱི་ཕྱི་དྲོར་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་ཚན་རིག་དང་། ཤེས་ཡོན་འབྲེལ་བའི་བོད་པའི་བརྡ་ཆད་ཐོག་ངོ་སྤྲོད་ཀྱི་ལས་རིམ་ཞིག་བསྐོང་ཚོགས་གནང་རྗེས་རྒྱལ་ཡོངས་ཀྱི་ཚད་གཞི་ལ་གཞིགས་ནས་དཔྱད་ཞིབ་ཀྱིས་འགྲེམས་གཟུགས་ནང་ནས་དྲག་གྲས་ཁག་གཅིག་འདེམས་སྒྲུག་གནང་གྲུབ་བསྟུན། ཤེས་རིག་ལས་ཁུངས་ནས་གཟུ་དཔང་རྣམ་པ་དང་། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ནས་ཡིན་པའི་སྐུ་ཚབ་རྣམས་ལ་དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་ཐུགས་རྗེ་ལེགས་འབུལ་མཚོན་སླད་དྲན་རྟེན་ཕྱག་རྟགས་བཅས་ཕུལ་ཡོད།

ཕྱི་ཟླ་ ༧ ཚེས་ ༡༧ ཉིན་འགྲེམས་སྟོན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད་ཅིང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་དང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་དང་འགན་འཛིན་གཞོན་པ་བཅས་ལྷན་བཅར་ཞུས་ཡོད།

མཛད་སྒོའི་སྐབས་བཀའ་བློན་མཆོག་གིས་ཚོགས་བཅར་བ་སློབ་ཕྲུག་རྣམས་དང་དགེ་རྒན་རྣམས་ལ་ལག་འཁྱེར་ཕུལ་གྲུབ་རྗེས་གསུང་བཤད་གནང་དོན། བོད་མི་རྣམས་ལ་སེཊེམ་ཁྱབ་ཁོངས་ནང་ཕུལ་དུ་བྱུང་བའི་གྲུབ་འབྲས་སྟོན་ཐུབ་པའི་ནུས་པ་ཡོད་སྐོར་དང་། སློབ་ཚན་བྱེ་བྲག་པ་གཅིག་གི་ཐོག་ཆེད་ལས་ཀྱི་ཤེས་བྱ་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད། དེ་བཞིན་དེང་རབས་ཀྱི་ཤེས་ཡོན་སློབ་གཉེར་དང་བསྟུན། སློབ་མ་ཚོས་རང་གི་སྲོལ་རྒྱུན་ཤེས་ཡོན་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་དགོས་པའི་ནན་བརྗོད་གནང་ཡོད།

ལས་དྲུང་ཨུ་རྒྱན་ཆོས་མཚོ་ལགས་དང་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་གཉིས་ཀྱིས་རོགས་རམ་འོག་ཤེས་རིག་ལས་ཁུངས་ནས་འགྲེམས་གཟུགས་གྲངས་ ༡༣ དྲག་འདེམས་ཀྱིས་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་དུ་སྤྱན་འབུལ་ཞུས་ཡོད་པ་གསལ་བསྒྲགས་གནང་། དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་མེེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དེ་བཞིན་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ནས་སེཊེམ་རིག་ཚན་འགྲེམས་སྟོན་དེ་ལྟར་གོ་སྒྲིག་གནང་བ་ཐེངས་དང་པོ་ཡིན་པ་དང་། དཔེ་སྟོན་སློབ་གྲྭ་ནས་འགྲེམས་སྟོན་དེ་བཞིན་བསྐོང་ཚོགས་གནང་ཐུབ་པར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གོ་སྒྲིག་ཚོགས་པ་དང་། སློབ་གྲྭའི་ལས་བྱེད། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ནས་ཕྱར་བ་གྲུ་འདེགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སེཊེམ་རིག་ཚན་འགྲེམས་སྟོན་བརྒྱུད་སློབ་མ་རྣམས་ལ་གསར་གཏོད་ཀྱི་ནུས་པ་དང་། དཔྱད་ཞིབ་ཀྱི་བསམ་བློ། མཉམ་ལས། ཚན་རིག་གི་འདྲི་རྩད་བཅས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་སྡིངས་ཆ་ཞིག་བསྐྲུན་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ཀྱིས་སེཊེམ་ཤེས་ཡོན་དང་། གསར་གཏོད། ཁོར་ཡུག་གི་འགན་ཁུར་བཅས་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་བསྐྱར་ནན་གནང་ཡོད། འགྲེམ་སྟོན་དེ་བཞིན་ཨ་རི་གཞུང་གི་མཐུན་འགྱུར་རོགས་རམ་འོག་གོ་སྒྲིག་གནང་བ་ཞིག་ཡིན་པ་བཅས། །


སྔོན་མ།
ཕྱི་ལོ་ ༢༠༢༦ ལོའི་སྨན་པའི་བར་བཞག་སློབ་ཡོན་གསལ་བསྒྲགས།