ཟླ་རེའི་གསར་འགྱུར།

འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་བསླབ་གཞིའི་བོད་སྒྱུར་དེབ་ལ་བསྐྱར་ཞིབ་དང་ཞུ་དག་ཚོགས་འདུ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ནས་ ༢༥ བར་གྱི་ཉིན་གྲངས་ ༡༩ རིང་འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་དང་འབྲེལ་བའི་བསླབ་གཞིའི་དེབ་བོད་སྒྱུར་ཞུས་པ་ལ་བསྐྱར་ཞིབ་དང་ཞུ་དག་ཚོགས་འདུ་འཚོགས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༥ ནང་ཤེས་རིག་ལས་ཁུངས་དང་ཨ་ཡུར་གྷན་ཚོགས་པ་ (Ayur Gyan Foundation) གཉིས་བར་གན་རྒྱ་བཞག་པ་ལྟར། ཨ་ཡུར་གྷན་ཚོགས་པས་རྩོམ་སྒྲིག་གནང་བའི་ «འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་» བསླབ་གཞིའི་སློབ་དེབ་དང་དགེ་རྒན་ལག་དེབ་བཅས་དེབ་གྲངས་ ༡༠ བོད་སྒྱུར་གྱིས་བོད་པའི་སློབ་ཁག་ནང་ལག་བསྟར་ཆེད་འགྲེམས་སྤེལ་གནང་རྒྱུའི་ལས་གཞི་བརྩམས་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ནང་ཤེས་རིག་ལས་ཁུངས་ནས་བོད་སྒྱུར་གནང་མཁན་མི་ ༤ ཡི་ལྷན་དུ་གན་རྒྱ་བཞག་སྟེ་བོད་སྒྱུར་གྱི་ལས་གཞི་རྣམས་ལེགས་པར་གྲུབ།

ཐེངས་འདིའི་ཉིན་གྲངས་ ༡༩ ཡི་ཞུ་དག་ཚོགས་འདུའི་ནང་བོད་སྒྱུར་ཟིན་པའི་དེབ་ ༡༠ ལས་གཞི་རིམ་འོག་མའི་བསླབ་གཞི་ «ངའི་བདེ་སྐྱིད་ཀྱི་ལས་བུ།» ཞེས་པ་དེབ་ ༡ ནས་ ༤ བར་ལ་བསྐྱར་ཞིབ་དང་ཞུ་དག་ལེགས་པར་གྲུབ་ཡོད། ལྷག་མ་རྣམས་ཀྱང་རིམ་པ་བཞིན་དུ་ཞུ་དག་གིས་པར་སྐྲུན་དང་འགྲེམས་སྤེལ་ཞུ་འཆར་ཡོད།

ཐེངས་འདིའི་ཚོགས་འདུའི་ནང་དུ་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་ཁུར་བ་དགེ་འདུན་དོན་ཡོད་ལགས་དང་། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་ལས་བྱེད་སཱི་ཤེས་ཡོན་གྱི་མཐུན་སྦྱོར་བ་ཀརྨ་བདེ་སྐྱིད་ལགས། བོད་སྒྱུར་གནང་མཁན་ཨོ་ཤོད་ཚེ་རིང་གཡང་འཛོམས་ལགས་དང་།  བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ཚན་པའི་འགན་འཛིན་ཚེ་དབང་བུ་ཁྲིད་ལགས། གཏོང་ལེན་གྱི་སཱི་ཤེས་ཡོན་མཐུན་སྦྱོར་བ་ཚེ་རིང་བསྟན་འཛིན་ལགས་བཅས་མཉམ་ཞུགས་གནང་ཡོད།

ཐེངས་འདིའི་ཞུ་དག་ཚོགས་འདུའི་འགྲོ་གྲོན་གྱི་མཐུན་འགྱུར་ཆ་ཚང་ Wisedana Foundation རོགས་ཚོགས་ནས་གནང་ཡོད་པ་བཅས། །


སྔོན་མ།
ཤེས་རིག་བཀའ་བློན་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སེཊེམ་རིག་ཚན་འགྲེམས་སྟོན་གྱི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་གནང་བ།