ཟླ་རེའི་གསར་འགྱུར།

དབྱར་དུས་ཀྱི་ཟླ་གཅིག་ཚན་རིག་ཉམས་གསོག་སྦྱོང་བརྡར་མཇུག་བསྡུས་པ།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང༌། སྦེང་ལོར་ལ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེ་དངོས་ཞིབ་འཇུག་ལྟེ་གནས་ཁང་ (National Centre for Biological Sciences) གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༤ ནས་ཟླ་བ་ ༧ ཚེས་ ༡༤ བར་ཟླ་བ་གཅིག་རིང་བོད་ཀྱི་ཚན་རིག་ཉམས་གསོག་སྦྱོང་བརྡར་ལས་རིམ (Tibetan Science Research Internship) ཞིག་གོ་སྒྲིག་ཞུས་ཡོད། ལོ་ལྟར་སྤེལ་བཞིན་པའི་ལས་རིམ་འདིའི་དགོས་དམིགས་གཙོ་བོ་ནི། ཚན་རིག་སློབ་དཔོན་དག་གི་ལམ་སྟོན་འོག་བོད་པའི་སློབ་ཕྲུག་རྣམས་ལ་ཚན་རིག་ཉམས་ཞིབ་ཀྱི་སྦྱོང་བརྡར་སྤྲོད་པ་དང་། ཚན་རིག་ཤེས་བྱར་དོ་དབྱིངས་ཀྱིས་མུ་མཐུད་ནས་ཚན་རིག་ཤེས་ཡོན་ཕྱོགས་སུ་ཤར་སྐྱོད་བྱ་ཐུབ་རྒྱུའི་ཆེད་དུ་ཡིན།

ལོ་འདིའི་ནང་མཉམ་ཞུགས་གནང་མཁན་ཁོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གསུམ་དང་། སྨན་རྩིས་ཁང་གི་ལས་བྱེད་གཉིས་བཅས་ཁྱོན་མི་གྲངས་ལྔ་ལ་གོ་སྐབས་ཐོབ་ཡོད་པ་སྟེ། དབང་རྩའི་ཚན་འཕྲུལ་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་བསྟན་འཛིན་ཚེ་སྐྱིད་ལགས་དང་། ཁོར་ཡུག་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་འཕྲིན་ལས་སྒྲོལ་དཀར་ལགས། སྨན་པའི་ལས་རོགས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཀུན་དགའ་ནོར་འཛོམས་ལགས། སྨན་རྩིས་ཁང་གི་སྨན་རྩྭ་བསྡུ་ལེན་ཚན་པའི་ལས་བྱེད་དང་རྩི་ཤིང་རིག་པའི་གཙུག་ལག་རབ་འབྱམས་པ་བདེ་ཆེན་མཁའ་འགྲོ་ལགས། སྨན་རྩིས་ཁང་གི་སྨན་པ་དང་བོད་ཀྱི་སྨན་རྫས་ཀྱི་ཉམས་ཞིབ་དང་ཡིག་ཆ་སྒྲིག་འགོད་པ་སྨན་པ་བསམ་འཕེལ་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད།

ཕྱི་ལོ་ ༢༠༡༧ ནས་བཟུང་བོད་མིའི་སློབ་ཕྲུག་ ༣༥ ལྷག་ཙམ་ལ་ཉམས་གསོག་གི་གོ་སྐབས་ཕུལ་ཟིན་པ་དང་།   སྔར་གྱི་སློབ་ཕྲུག་ཟུར་པ་མང་དག་ཅིག་ད་ལྟ་ཚན་རིག་ཐོག་མུ་མཐུད་སློབ་སྦྱོང་གནང་བཞིན་ཡོད་ལ།  རེ་འགའ་ཚན་རིག་ཞིབ་འཇུག་གི་ལས་ཀར་ཞུགས་ཡོད།             དེ་བས་རྒྱ་གར་གི་ཚན་རིག་བརྟག་དཔྱད་ཁང་གྲགས་ཅན་ནང་ཉམས་ཞིབ་དང་ཉམས་གསོག་གི་གོ་སྐབས་ཀྱང་ཐོབ་ཡོད་པ་དཔེར་ན།           ཕྱི་ལོ་ ༢༠༢༥ ལོའི་ཉམས་གསོག་ཁོངས་ནས་བསྟན་འཛིན་གཡང་སྒྲོལ་ལགས་ལ་ཟླ་བ་གཉིས་རིང་གི་ (PRISM National Fellowship) རྒྱལ་ཡོངས་གཙུག་ལག་སློབ་ཡོན་ཁོངས་སུ་འདེམས་སྒྲུག་བྱུང་ཡོད།      ཁོང་ཟླ་བ་ ༦ ཚེས་ ༡ ནས་ཟླ་ ༧ ཚེས་ ༣༡ བར་ཨ་ཤོ་ཀ་གཙུག་ལག་སློབ་གཉེར་ཁང་ (Ashoka University) དུ་ སྐྱེ་དངོས་སྡེ་ཚན་གྱི་ཡན་ལག་ཏྲི་བེ་དི་སྐྱེ་དངོས་ཚན་རིག་ཁང་དུ་འབུམ་རམས་པ་ཨ་ནུབ་པདྨ་ནབྷཱན་ (Dr. Anup Padmanabhan) ཚན་རིག་བརྟག་དཔྱད་ཁང་དུ་སྐྱེ་དངོས་འཕེལ་རྒྱས་ཁང་དུ་ཞིབ་འཇུག་གནང་བཞིན་ཡོད་འདུག

དེང་རབས་སྐྱེ་དངོས་ཚན་རིག་གི་ཉམས་ཞིབ་ཀྱི་འགྲོས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གིས་སྙིགས་དོར་བཅུད་ལེན་ཆེད་འདི་ལོ་ཚོད་ལྟའི་ཚུལ་དུ་ཉམས་གསོག་ལས་རིམ་ཁོངས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ལའང་གོ་སྐབས་ཕུལ་བ་བཞིན། སྔོ་སྨན་དང་སྨན་པའི་ཁོངས་ནས་ལས་བྱེད་གཉིས་འཛུལ་བཞུགས་གནང་ཡོད་ཅིང་། སྨན་རྩྭ་སྐྱེད་ཚའི་ལག་ལེན་དང་དེང་རབས་ཚན་རིག་ཐབས་ལམ་བཅས་མཉམ་སྦྲེལ་ཐུབ་ཐབས་ཆེད་ཡིན།

ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུ་བཞིན་པའི་ཚན་རིག་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་གཞི་རྒྱ་གར་རྒྱལ་ཡོངས་བོད་མིའི་སློབ་ཁག་ཡོངས་ལ་སྤེལ་བཞིན་པའི་སྐབས་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་སློབ་གྲྭ་ཁག་གསུམ་སྟེ་ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ་དང་། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། བདེ་སླར་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ་བཅས་ཀྱི་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་རྣམས་ཀྱང་ NCBS ལ་ལྟ་སྐོར་དུ་ཕེབས་ཤིང་ཉམས་གསོག་གནང་བཞིན་པའི་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད། དེ་བཞིན་ལྟེ་གནས་ཁང་གི་སློབ་དཔོན་དག་དང་མཇལ་འཕྲད་གནང་འདུག་ལ་ཕན་ཚུན་བགྲོ་གླེང་དང་གཏམ་བཤད་སོགས་གནང་འདུག ལྟེ་གནས་ཁང་དེ་རང་དུ་ནང་ཉམས་ཞིབ་དང་ཕྱག་ལས་གནང་བཞིན་པའི་གཉན་སྲིན་རིག་པའི་འབུམ་རམས་པ་འཇིགས་མེད་དབང་ཕྱུག་ལགས་ཡང་ཉམས་གསོག་པ་རྣམས་དང་ཐུག་འཕྲད་ཀྱིས་ཉམས་གསོག་སྐབས་ཀྱི་ལམ་སྟོན་སོགས་ཀྱང་གནང་འདུག ད་རེས་ཀྱི་ཉམས་གསོག་འཇུག་སྒྲིལ་སྐབས་སྔར་ལྟར་ལྟེ་གནས་ཁང་ནས་ཉམས་གསོག་གནང་མཁན་རྣམས་ལ་ཕྱག་འཁྱེར་ཀྱང་གནང་ཡོད་འདུག

ལས་རིམ་འདིའི་ནང་མཉམ་ཞུགས་གནང་མཁན་ཤེས་རིག་ཁོངས་ཀྱི་སློབ་ཕྲུག་རྣམས་ལ་ལམ་གྲོན་སོགས་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་གཞུང་གི་རྒྱབ་སྐྱོར་གནང་བ་དང་། དེ་མིན་ཞུགས་གནས་དང་། ཉམས་གསོག་གི་དོད་སོགས་ལྟེ་གནས་ཁང་རང་ནས་མཐུན་འགྱུར་གནང་འདུག


སྔོན་མ།
འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་བསླབ་གཞིའི་བོད་སྒྱུར་དེབ་ལ་བསྐྱར་ཞིབ་དང་ཞུ་དག་ཚོགས་འདུ།