ཟླ་རེའི་གསར་འགྱུར།

ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྒྱ་གར་ལྷོ་ཁུལ་གྱི་སློབ་གྲྭ་ཁག་ལ་གཟིགས་སྐོར་ལེགས་གྲུབ་བྱུང་བ།

༄༅། །བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༣ ནས་ ༢༩ བར། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་བཅུ་གཅིག་ལ་གཟིགས་སྐོར་དུ་ཕེབས་ཏེ་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཟླ་ ༧ ཚེས་ ༡༣ དང་ ༡༤ ཉིན་ཀོ་ལེ་གྷལ་སཾབྷོ་ཊ་སློབ་གྲྭ་དང་སློབ་ཕྲུག་གི་ཕ་མ་ལ་ཐུག་འཕྲད་གནང་བ་དང་། དེ་བཞིན་ཕྱི་ཚེས་ ༡༥ དང་ ༡༦ ཉིན་གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ་དང་སློབ་ཕྲུག་གི་ཕ་མ། ཕྱི་ཚེས་ ༡༧ དང་ ༡༨ ཉིན་སྦེལ་ཀོབ་ལུགས་བསམ་གྱི་བོད་ཁྱིམ་སློབ་གྲྭ་དང་ཁྱིམ་ཚང་། ཕྱི་ཚེས་ ༡༩ ཉིན་ལུགས་བསམ་གཞིས་ཆགས་ཀྱི་ཕ་མར་ཐུག་འཕྲད། ཕྱི་ཚེས་ ༢༠ ཉིན་ཨར་ལི་ཀུ་མ་རི་སཾ་བྷོ་ཊ་ཉིན་སློབ། ཕྱི་ཚེས་ ༢༡ ཉིན་གྷོ་ལ་ཐ་ལ་སཾ་བྷོ་ཊ་ཉིན་སློབ། ཕྱི་ཚེས་ ༢༢ ཉིན་སྦེལ་ཀོབ་བདེ་སླར་གྱི་སི་ཝེ་པི་སཾ་བྷོ་ཊ་ཉིན་སློབ། ཕྱི་ཚེས་ ༢༣ ཉིན་སྦེལ་ཀོབ་སཾ་བྷོ་ཊ་གཞི་རིམ་གོང་མ། ཕྱི་ཚེས་ ༢༤ ཉིན་ཀེ་ལ་ཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། ཕྱི་ཚེས་ ༢༥ ཉིན་བདེ་སླར་གཞིས་ཆགས་ཀྱི་ཕ་མར་ཐུག་འཕྲད། ཕྱི་ཚེས་ ༢༦ ཉིན་མོན་གྷོ་སློབ་ཁག་གསུམ་གྱི་ཕ་མར་ཐུག་འཕྲད། ཕྱི་ཚེས་ ༢༧ ཉིན་མོན་གྷོ་སཾ་བྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭ། ཕྱི་ཚེས་ ༢༨ ཉིན་མོན་གྷོ་སཾ་བྷོ་ཊ་གཞིས་གྲོང་དྲུག་པའི་ཉིན་སློབ། ཕྱི་ཚེས་ ༢༩ ཉིན་མོན་གྷོ་སཾ་བྷོ་ཊ་གཞི་འོག་སློབ་གྲྭ་དང་སྔོན་འགྲོའི་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་ཡོད།

གཟིགས་སྐོར་སྐབས་སློབ་གྲྭ་ཁག་གི་ནང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་ལས་གཞི་ཇི་ལྟར་སྤེལ་བ། ཤེས་རིག་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་ཀློག་དེབ་རིགས་བེད་སྤྱོད་གནང་ཕྱོགས། སློབ་གྲྭའི་དཔེ་མཛོད་དང་། འཛིན་ཁང་། ཚན་རིག་བརྟག་དཔྱད་ཁང་། ཉལ་ཁང་། གསོལ་ཚིགས་ཁང་བཅས་ཀྱི་སྤྱི་ཡོངས་གནས་སྟངས་དང་། དགེ་རྒན་གྱིས་སློབ་ཁྲིད་གནང་ཕྱོགས་དང་སློབ་ཕྲུག་གི་གནས་ཚད་བཅས་ལ་རྟོག་ཞིབ་གནང་བ་མ་ཟད། སྔོན་འགྲོ་སློབ་གྲྭའི་གནས་སྟངས་ལའང་རྟོག་ཞིབ་ཀྱིས་དགེ་ལས་སློབ་ཕྲུག་དང་། སློབ་ཕྲུག་གི་ཕ་མ་བཅས་ལ་ཐུག་འཕྲད་ཀྱིས་ལམ་སྟོན་གསུང་བཤད་གནང་ཡོད།

ཐེངས་འདིའི་གཟིགས་སྐོར་ལེགས་གྲུབ་ཡོང་བར་འབྲེལ་ཡོད་སློབ་སྡེ་ཁག་གི་སྤྱི་ཁྱབ་ཡིག་ཚང་གཙོས། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། འབྲེལ་ཡོད་ལས་བྱེད་བཅས་ནས་མཐུན་འགྱུར་གང་ལེགས་གནང་ཡོད་པ་མ་ཟད། ལས་རིམ་འདིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་ (DANIDA) རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས། །


སྔོན་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཞེ་གསུམ་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་བྱུང་བ།