ཟླ་རེའི་གསར་འགྱུར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་བྱུང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༥ ནས་ ༣༠ བར་ལ་དྭགས་བོད་ཁྱིམ་སློབ་གྲྭ་དང་། དེའི་ཡན་ལག་སློབ་གྲྭ་ཁག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་སྤེལ་གནང་ཡོད།

དེ་ཡང་འདི་ལོའི་གོ་རྟོགས་ལས་རིམ་དེ་ཉིད་ཕྱི་ཟླ་ ༧ ཚེས་ ༡༥ དང་ ༡༦ ཉིན་ཨག་གླིང་བོད་ཁྱིམ་སློབ་གྲྭ་དང་། ཕྱི་ཚེས་ ༡༧ དང་ ༡༨ ཉིན་སྨན་ལྷ་བོད་ཁྱིམ་སློབ་གྲྭ། ཕྱི་ཚེས་ ༢༠ ནས་ ༢༢ བར་བོད་ཁྱིམ་གཡུ་ལོ་བཀོད་པའི་སློབ་གྲྭ་ཆེ་བ།  ཕྱི་ཚེས་  ༢༣ དང་ ༢༤ ཉིན་གཡུ་ལོ་བཀོད་སློབ་གྲྭ་འབྲིང་བ། ཕྱི་ཚེས་ ༢༥ ནས་ ༣༠ བར་ལ་དྭགས་བྱང་ཐང་ཧང་ལེ་བོད་ཁྱིམ་སློབ་གྲྭ་དང་། སུམ་མདོ་བོད་ཁྱིམ་སློབ་གྲྭ། ནུ་མ་བོད་ཁྱིམ་སློབ་གྲྭ་བཅས་གསུམ་གྱི་ནང་གོ་རྟོགས་ལས་རིམ་སྤེལ་ཏེ་ལེགས་པར་གྲུབ་ཡོད།

དེ་བཞིན་ལས་རིམ་འདིའི་ནང་གཞི་རིམ་སློབ་ཕྲུག་གྲངས་ ༡༡༥༦ དང་། དགེ་ལས་གྲངས་ ༡༣༠ སློབ་ཕྲུག་གི་ཕ་མ་གྲངས་ ༣༨༥ བཅས་ལ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ངོ་སྤྲོད་དང་འབྲེལ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱུང་རབས་ལོ་རྒྱུས་དང་། དེའི་གལ་གནད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ངོ་བོ་དང་ཕན་ཡོན། ཉིན་རེའི་མི་ཚེ་ནང་ལུས་ངག་ཡིད་གསུམ་གྱི་བཟང་སྤྱོད་ཀྱི་ལག་ལེན་བྱེད་སྟངས་དང་། སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་ཁྱབ་ཁོངས་གསུམ་དང་རྩལ་ཁོངས་གསུམ་ནས་སྒྲུབ་པའི་གྲུབ་ཆ་དགུ་བཅས་ངོ་སྤྲོད་དང་། ༸གོང་ས་མཆོག་གི་ཕྱག་དེབ་སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཅས་ཀྱི་བྱུང་རིམ་དང་གལ་གནད། དེ་གཉིས་ཀྱི་ནང་དོན་གཙོ་བོ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས། འགན་ཁུར་གྱི་འདུ་ཤེས། ཕན་ཚུན་བསམ་ཤེས་ཀྱི་འདུ་ཤེས། བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་ཐབས་དང་བོད་ཀྱི་སྐད་ཡིག་གི་གལ་གནད་བཅས་ཀྱི་སྐོར་གོ་རྟོགས་སྤེལ་གནང་ཡོད།

དེ་བཞིན་ཕ་མ་ཚོོས་ཉིན་རེའི་མི་ཚེ་ནང་ལུས་ངག་ཡིད་གསུམ་གྱིས་བཟང་སྤྱོད་ལག་ལེན་གནང་ཐབས་ཀྱི་ལམ་སྟོན་དང་། བྱེ་བྲག་ཏུ་ཕ་མ་དང་ཁྱིམ་བདག་སོ་སོའི་ངོས་ནས་ཕྲུ་གུ་མངལ་གནས་ཀྱི་སྐབས་ནས་ཕྲུ་གུ་སྐྱེས་རྗེས་ལོ་གཅིག་གི་བར་དང་། དེ་བཞིན་ལོ་གཅིག་ནས་ལྔའི་བར། ལོ་དྲུག་ནས་བཅུ་དྲུག་བར། བཅུ་དྲུག་ནས་ཉི་ཤུའི་བར་གྱི་གནས་སྐབས་སོ་སོར་གསོ་སྐྱོང་བྱེད་སྟངས་དང་། བཟང་སྤྱོད་ཀྱི་སློབ་གསོ་ཇི་ལྟར་དགོས་མིན་སོགས་ཀྱི་ཐད་གོ་རྟོགས་སློབ་གསོ་གནང་།

ཐེངས་འདིར་གོ་རྟོགས་ལས་རིམ་གྱི་འགྲོ་གྲོན་ཡོངས་རྫོགས་ཌ་ནི་ཌ་ (DANIDA) རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད། །


སྔོན་མ།
ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྒྱ་གར་ལྷོ་ཁུལ་གྱི་སློབ་གྲྭ་ཁག་ལ་གཟིགས་སྐོར་ལེགས་གྲུབ་བྱུང་བ།
ཕྱི་མ།
བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།