
༄༅། །འདི་ག་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༧ ནས་ ༢༤ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཤིག་གོ་སྒྲིག་གནང་ཞིང་། རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དབུས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་སློབ་སྤྱི་གཞོན་པ། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས། དེ་བཞིན་སློབ་གྲྭ་ཁག་བཅོ་ལྔ་ནས་ལྟ་གྲུབ་དགེ་རྒན་ ༡༥ དང་སློབ་ཕྲུག་ཕོ་མོ་ ༡༡༤ བཅས་ཁྱོན་བསྡོམས་ཚོགས་བཅར་བ་གྲངས་ ༡༢༩ ནས་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རིགས་ལམ་འདུ་འཛོམས་ཀྱི་ཐོག་མའི་བྱུང་རིམ་དང་། བར་གྱི་འཕེལ་རིམ། མཐའ་མའི་མཇུག་འབྲས་དང་རེ་བ་བཅས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་སུ་གནང་།

དེ་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་རྒྱ་ནག་དམར་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བར་ཆད་ཇེ་ཆེར་བཟོས་ཏེ། བོད་ནང་ཡོད་པའི་བོད་ཕྲུག་མང་པོ་བོད་པའི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཇེ་དཀོན་ཇེ་དཀོན་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་འཛམ་གླིང་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་ངོས་འཛིན་གནང་གི་ཡོད་ལ། དེ་ལྟ་བུའི་རིག་གཞུང་རྒྱུན་འཛིན་དང་སློབ་གཉེར་གནང་མཁན་གཙོ་བོ་གདན་ས་ཁག་ཆགས་ཡོད་ཅིང་། དེ་མིན་རང་རེ་མི་མང་དཀྱུས་མའི་ནང་འགན་ཁུར་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན། དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་སླད་བོད་ཡིག་སློབ་ཁྲིད་དང་། དགེ་རྒན་འོས་སྦྱོང་དང་། ལས་བྱེད་འོས་སྦྱོང་སོགས་ལས་རིམ་འདྲ་མིན་གོ་སྒྲིག་ཞུ་ཡི་ཡོད་ལ། མ་འོངས་པར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཛུལ་ཞུགས་བྱ་འདོད་ཡོད་མཁན་རྣམས་ལ་སློབ་འཇུག་གི་བརྒྱུད་རིམ་དང་། སློབ་སྦྱོང་གི་གོ་སྐབས་གཞན་ཇི་ཡོད་བཅས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་སུ་གནང་།

དེ་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་རིགས་ལམ་འདུ་འཛོམས་ཚོགས་བཅར་བ་རྣམས་ལ་དབུ་འབྱེད་ཀྱི་ལམ་སྟོན་གསུང་བཤད་གནང་དོན། སྤྱིར་དེང་གི་ཆར་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་འདི་བཞིན་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཉག་ཅིག་དང་། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་རིགས་ལམ་སློབ་ཁྲིད་ཀྱི་གལ་གནད་སྐོར་སྔ་རྗེས་བཀའ་སློབ་ལམ་སྟོན་རྒྱུན་མི་ཆད་པར་ཕེབས་སྟབས། ཤེས་རིག་ལས་ཁུངས་དང་སློབ་སྡེ་སོ་སོ་ནས་ཁྱབ་ཁོངས་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་ཐད་སྔར་ལྷག་འབད་འབུངས་གནང་སྟེ་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད་ཅིང་། རིགས་ལམ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་དང་། རྒྱུ་མཚན་ཁོ་ན་འགོད་རྒྱུའི་རིག་རྩལ་ཁྱད་པར་བ་ཞིག་ཡིན་སྟབས། སློབ་ཁྲིད་ཐབས་ལམ་ནང་རིགས་ལམ་བེད་སྤྱོད་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་དང་། ཕྱི་རྒྱལ་མི་རིགས་ཤེས་ཡོན་ཅན་མང་པོས་ཀྱང་རིགས་ལམ་ལ་བརྟེན་ནས་ཤེས་བྱའི་གནས་གང་དང་གང་ལ་བློ་རྒྱ་བསྐྱེད་པ་དང་། བརྗོད་དོན་གཏིང་ཟབ་ཏུ་རྟོགས་པར་ཕན་ཐོགས་ཡོང་གི་ཡོད་པ་གསུང་བཞིན་ཡོད། ད་ལྟའི་ཆར་བོད་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་སྟབས། ང་ཚོས་དུས་རྟག་ཏུ་གྲ་སྒྲིག་སྡུག་ས་ནས་བྱེད། རེ་བ་བཟང་ས་ནས་རྒྱོབས་ཞེས་པའི་དཔེ་ལྟར་མུ་མཐུད་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་ཡིན། དབུ་འབྱེད་མཛད་སྒོར་རྟགས་བསལ་གཏོང་མཁན་སློབ་ཕྲུག་ཚོའི་རྣམ་འགྱུར་ལ་བལྟས་ན། རིགས་ལམ་ལ་དགའ་ཞེན་ཆེན་པོ་ཡོད་པ་ཚོད་དཔག་ཐུབ་ཅིང་། དགའ་ཞེན་དེ་རྒྱུན་གནས་དང་སློབ་ཚན་གཞན་ལའང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བཅས་ཀྱི་སྐོར་གསུང་བཤད་ལམ་སྟོན་གནང་།

མཐར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དྲུང་ཡིག་སྨིན་ལེགས་ལགས་ནས་སྐུ་མགྲོན་གཙོ་བོ་གཙོས་པས་ལམ་སྟོན་གསུང་བཤད་གནང་མཁན་ཡོངས་དང་། ཚོགས་བཅར་བ་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་དང་བཅས་པར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ། །

