
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༠༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། ཤེས་རབ་དགའ་ཚལ་སློབ་གླིང་། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་སློབ་གྲྭར་ཕེབས་འབྱོར་སྐབས་སཾ་བྷོ་ཊ་ཡིག་ཚང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། འགན་འཛིན་གཞོན་པ་བསྟན་འཛིན་རྡོ་རྗེ་ལགས་དང་བསྟན་འཛིན་ངག་སྒྲོན་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ཆེ་བསོད་ནམས་དབང་མོ་ལགས་གཙོས་པས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་གྲུབ་བསྟུན་འཛིན་ཁང་དང་། ཉལ་ཁང་། སྡེ་ཚན་ཁག་ཏུ་གཟིགས་སྐོར་གནང་ཡོད།
དེ་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཚམས་གཟིགས་དང་། སློབ་མ་རྣམས་དང་ཐུག་འཕྲད་བཅས་གནང་རྗེས་ཆུ་ཚོད་ ༡༡།༣༠ ཙམ་ལ་སཾ་བྷོ་ཊ་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ཚང་འཛོམས་ཀྱིས་དང་ཐོག་སློབ་གྲྭའི་སློབ་སྤྱི་ངག་དབང་བསྟན་ཆོས་ལགས་ཀྱིས་ཕེབས་བསུ་དང་འབྲེལ་སློབ་གྲྭའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་སོང་།

དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དགེ་ལས་དང་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་སྐབས་དགེ་རྒན་ཚོས་ལྷག་བསམ་རྣམ་དག་གིས་སྒྲིག་འཛུགས་ལ་ཞབས་ཕྱི་སྒྲུབ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་གསལ་སྟོན་གནང་ཞིང་། སློབ་གྲྭའི་སྒྲིག་འཛུགས་ཤིག་ནང་འཛུལ་བཞུགས་གནང་ཚེ་ཤེས་ཡོན་སྲིད་བྱུས་ངེས་པར་དུ་ཤེས་དགོས་པ་མ་ཟད། སློབ་ཁྲིད་གནང་སྐབས་ལག་བསྟར་གནང་དགོས་གལ་ཡིན་པ་གསུངས། དེ་བཞིན་ད་ལྟ་བོད་ནང་རྒྱ་ནག་གིས་བོད་མི་རིགས་ཀྱི་ངོ་བོ་བཅས་ལ་རྩ་མེད་བཏང་དང་གཏོང་བཞིན་པའི་དུས་སྐབས་སུ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོག་ལས་འགན་འཕར་མ་ཞིག་ཡོད་ཅེས་གསུངས།
དེ་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་ལ་བརྟེན་ནས་བཙན་བྱོལ་དུ་སློབ་གྲྭ་དང་། སྒྲིག་འཛུགས། གཞིས་ཆགས་སོགས་གསར་འཛུགས་ཀྱིས་སྲ་བརྟན་བཟོས་ཐུབ་པ་དེ་དག་རྒྱུན་སྐྱོང་དང་ཡར་རྒྱས་གཏོང་བར་འབད་བརྩོན་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་ཡོད། དེ་རྗེས་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་རྩེ་ཕུད་སློབ་མ་ཁག་གཅིག་ལ་བྱ་ག་གསོལ་རེས་གནང་སོང་།

དེ་ནས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི་སློབ་གྲྭ་དམིགས་བསལ་ཞིག་ཆགས་ཀྱི་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི་ཆ་རྐྱེན་འོག བོད་མི་ཚོའི་དགོས་མཁོ་དང་འཚམ་པའི་ཤེས་ཡོན་སྲིད་བྱུས་ཤིག་དགོས་གལ་གཟིགས་ཏེ་ཕྱི་ལོ་ ༢༠༠༤ ལོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཛད་འཁུར་བཞེས་པའི་ལས་ཡུན་རིང་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ཚུལ་གྱི་བརྒྱུད་རིམ་དང་། ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་བྱ་སའི་སློབ་གྲྭ་ཞིག་དགོས་གལ་གཟིགས་ཏེ་ཕྱི་ལོ་ ༢༠༠༥ ལོར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ཚུལ་སྐོར་ངོ་སྤྲོད་གནང་ཡོད།
དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་ནི་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ལྡན་གྱི་ཐོག་ནས་རང་དོན་ཁོ་ན་མ་ཡིན་པར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུ་དང་། ལྷག་པར་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་འཐབ་རྩོད་ཐོག་ནུས་པ་སྤུངས་ཐུབ་པ་གང་ཞིག་མི་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་པ་འགྲེལ་བརྗོད་གནང་།

དེ་དང་ཕྱོགས་མཚུངས་བཀའ་བློན་མཆོག་གིས་བོད་ནང་རྒྱ་ནག་གིས་བོད་ཕྲུག་རྣམས་ལ་རང་གི་སྐད་ཡིག་དང་། རིག་གཞུང་། སྲོལ་རྒྱུན་གོམས་གཤིས་བཅས་དང་ཁ་བྲལ་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེ་དག་ཤེས་པའི་སྒོ་ནས་སློབ་གྲྭའི་མཐུན་རྐྱེན་སོགས་ལོངས་སུ་སྤྱོད་དེ་སློབ་སྦྱོང་ཧུར་ཐག་གནང་དགོས་པ་མ་ཟད། དགེ་རྒན་གྱིས་འཛིན་ཁང་ནང་སློབ་ཁྲིད་གནང་བ་རྣམས་སོ་སོའི་དཔྱད་པ་དང་སྦྱངས་བརྩོན་གནང་དགོས་ལ། ཉིན་རེའི་འཚོ་བའི་ནང་དངོས་སུ་ལག་བསྟར་བྱེད་དགོས་པའི་ལམ་སྟོན་གནང་། སློབ་ཕྲུག་ནང་ཁུལ་ཡིན་ནའང་འཆམ་མཐུན་དང་། གུས་ཞབས། རྒན་པས་གཞོན་པར་བྱམས་སྐྱོང་། གཅིག་ཕན་གཅིག་གྲོགས་སོགས་ཀྱི་སྒོ་ནས་ཡ་རབས་བཟང་སྤྱོད་གོང་མཐོར་གཏོང་དགོས་པའི་སྐུལ་མ་གནང་ཡོད།
དེ་རྗེས་ཤེས་རིག་བཀའ་བློན་མཆོག་ནས་ལོ་ལྟར་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྩོམ་རིག་འགྲན་བསྡུར་ཐེངས་ ༡༢ པའི་ཐོག་མཉམ་ཞུགས་གནང་སྟེ་རྩེ་ཕུད་ཀྱི་བྱ་ག་ཐོབ་མཁན་དགེ་རྒན་དང་སློབ་མ་ཁག་གཅིག་ལ་བྱ་ག་གསོལ་རེས་གནང་མཐར་ཤེས་རབ་དགའ་ཚལ་གླིང་གི་དགེ་ཆེ་བསོད་ནམས་དབང་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
དེ་ནས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དུ་འཚམས་གཟིགས་དང་། ལས་བྱེད་དང་ལྷན་འཛིན་སྐྱོང་ཚོགས་འདུ་བསྐོང་ཚོགས་གནང་སྟེ་མཛད་རིམ་མཇུག་སྒྲིལ་ཡོད་པ་བཅས།།













