
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༨ ཉིན་ཤེས་རིག་ལས་ཁུངས་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་དུ་ཧི་མཱ་ཅལ་ཁུལ་གྱི་བོད་སློབ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དབུ་འཛུགས་གནང་ཡོད།
དེ་ཡང་ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་ལམ་སྟོན་འོག་ཧི་མཱ་ཅལ་མངའ་ཁོངས་དྷ་ས་དང་དེའི་ཉེ་འཁོར་གྱི་བོད་སློབ་ཁག་དང་། ལ་དྭགས་བོད་ཁྱིམ་བཅས་ཁྱོན་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་མ་རྣམས་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དུ་ལྷན་འཛོམས་ཀྱིས། ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་གྱི་རིང་། རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཤིག་དབུ་འཛུགས་གནང་ཡོད་པ་དང་། འདུ་འཛོམས་འདིའི་དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་སྟེ་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། ལྷག་པར་ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་ནང་གི་མཐུན་རྐྱེན་སྣ་འཛོམས་ཡོད་པའི་བོད་སློབ་ཁག་གི་སློབ་མ་ཚོས། གོ་སྐབས་དམ་འཛིན་གྱིས་ཤེས་ཡོན་སློབ་སྦྱོང་ལ་ཧུར་བརྩོན་དགོས་པ་མ་ཟད། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་གདོང་ལེན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་ཐོག་ཤུགས་སྣོན་འཕར་མ་བསྐྱོན་དགོས་པའི་ཞབས་བསྐུལ་གནང་ཡོད།

དྷ་སྟེང་བོད་ཁྱིམ་དུ་འཚོགས་བཞིན་པའི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འདིའི་ཐོག་ཧི་མཱ་ཅལ་མངའ་ཁོངས་དྷ་ས་དང་དེའི་ཉེ་འཁོར་གྱི་བོད་སློབ་ཁག་དང་། དེ་བཞིན་ལ་དྭགས་བཅས་ནས་ཁྱོན་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་མ་གྲངས་ ༡༨༣ ལྷན་འཛོམས་ཀྱིས། བོད་སྐད་དང་ཨིན་སྐད་ཐོག་བགྲོ་གླེང་དང་། སྙན་ཚིག་འགྱེར་འདོན། གཏམ་བརྗོད་གཟིགས་འབུལ། དེ་བཞིན་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གནང་གི་ཡོད་པ་རེད།
གཞི་རྩའི་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གི་རྒྱུན་ལྡན་སློབ་ཚན་ཙམ་མ་ཡིན་པར་རྩོམ་རིག་དང་རིག་གཞུང་གི་ནུས་རྩལ་ཡར་རྒྱས་དང་། སློབ་ཕྲུག་རང་ཉིད་ཀྱི་རིག་རྩལ་དང་འཇོན་ཐང་། ནུས་པ་གོང་སྤེལ་གཏོང་ཐབས། དེ་བཞིན་སློབ་ཕྲུག་ཕན་ཚུན་དབར་ཤེས་ཡོན་གྱི་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་བསྐྲུན་རྒྱུ་སོགས་ལ་དམིགས་ཏེ། ཕྱི་ལོ་ ༢༠༢༣ ལོ་ནས་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འདི་གོ་སྒྲིག་གནང་བཞིན་ཡོད།
དྷ་ས་ཁུལ་དུ་སློབ་གྲྭ་ནང་ཁུལ་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ལས་འཆར་འདི་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྡེ་ར་ལྡུན་ཁུལ་དང་། བྱང་ཤར་ཁུལ། ལྷོ་ཕྱོགས་ཁུལ་དུའང་བོད་སློབ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འཚོགས་ཀྱི་ཡོད།།








