ཟླ་རེའི་གསར་འགྱུར།

ཚན་རིག་དང་ཨང་རྩིས་དགེ་རྒན་རྣམས་ཀྱི་ལས་ཐོག་ཟབ་སྦྱོང་མཇུག་སྒྲིལ་བ།

༄༅། །འདི་ག་ཤེས་རིག་དེང་རབས་ཤེས་ཡོན་ཚན་པ་ནས་ཚན་རིག་དང་ཨང་རྩིས་དགེ་རྒན་རྣམས་ཀྱི་ཤེས་ཡོན་སློབ་ཁྲིད་ལ་དམིགས་ཏེ་ཨནྡྲ་པྲ་དེ་ཤ་ཡི་ས་གནས་ཀུབ་པམ་དུ་རྟེན་གཞི་བྱས་པའི་ཨ་ག་སྟ་ཡ་གསར་གཏོད་ཁོར་ཡུག་ཏུ་ཉིན་བཞིའི་རིང་རང་བཟོའི་འཁྲིད་ཆས་བརྒྱུད་དགེ་མཚན་ལྡན་པའི་སློབ་ཁྲིད་ཐབས་ལམ་གྱི་ལས་ཐོག་ཟབ་སྦྱོང་མཇུག་སྒྲིལ་གནང་བ་དང་། དེ་ནས་མུ་མཐུད་དེ་ཉིན་གཉིས་རིང་ཨང་རྩིས་འཁྲིད་ཆས་བེད་སྤྱོད་བྱེད་ཕྱོགས་ཐོག་ཟབ་སྦྱོང་ཚོགས་ཡོད།

དེ་ཡང་ཟབ་སྦྱོང་ཐོག་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སློབ་ཁག་ཡོངས་ནས་གཞི་རིམ་བར་མའི་ཚན་རིག་དགེ་རྒན་ ༢༥ དང་། ཨང་རྩིས་དགེ་རྒན་ ༢༥ བཅས་དགེ་རྒན་གྲངས་ ༥༠ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི་ཚན་རིག་དང་ཨང་རྩིས་ཀྱི་དགེ་རྒན་རྣམས་ལ་ལག་ལེན་དངོས་ཀྱི་བྱ་སྤྱོད་བརྒྱུད་དེ་སློབ་ཕྲུག་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་ཇི་ལྟར་གོང་མཐོར་གཏོང་ཐབས་ཐོག་ཡིན།

ཟླ་བ་ ༨ ཚེས་ ༢༢ ཉིན་མཉམ་ཞུགས་པ་རྣམས་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་འདུ་འཛོམས་ཀྱིས་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་ལས་ཁུངས་ནས་འཛུལ་ཞུགས་དགེ་རྒན་རྣམས་ལ་ཟབ་སྦྱོང་ངོ་སྤྲོད་དང་། དེ་རྗེས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བོད་རྒྱ་སྒྱུར་གྱི་ཤེས་ཡོན་ལམ་ལུགས་ངོ་སྤྲོད་གནང་། ཟླ་བ་ ༨ ཚེས་ ༢༣ ཉིན་མཉམ་ཞུགས་པ་རྣམས་སྦེང་ལོར་ནས་ཨནྡྲ་པྲ་དེ་ཤ་ཡི་ཀུབ་པམ་ས་གནས་སུ་ཐོན་ཡོད།

ཉིན་བཞིའི་ཟབ་སྦྱོང་དངོས་གཞི་ཨ་ག་སྟ་ཡ་ Vidyachal སློབ་གླིང་དུ་སློབ་སྟོན་ཚོགས་པའི་སློབ་སྟོན་པ་གཙོ་བོ་མཉྫུ་ནཱཐ་(Manjunath) ལགས་ཀྱི་གཙོ་སྐྱོང་འོག་ཟླ་བ་ ༨ ཚེས་ ༢༤ ཉིན་འགོ་བཙུགས་ཡོད། ཐོག་མའི་ལས་རིམ་ཁྲོད་དུ་མཉམ་ཞུགས་པ་རྣམས་སློབ་ཁྲིད་དང་སློབ་སྦྱོང་རྩ་དོན་ཐོག་གླེང་སློང་གནང་ཞིང་། སློབ་ཕྲུག་ཚོས་ཉམས་མྱོང་དང་། དྲི་བ། བགྲོ་གླེང་། ཞིབ་འཇུག བསམ་ཞིབ་བཅས་ཀྱི་ལམ་ནས་སློབ་སྦྱོང་བྱེད་པར་ནུས་པ་ཆེ་བ་ཡོད་སྐོར་གྲོས་བསྡུར་གནང་།

ལྷག་པར་དུ་ཚན་རྩིས་སློབ་ཁྲིད་ཐབས་ལམ་ “Zone of Proximal Development” དང་།  5E ཞེས་པའི་སློབ་ཁྲིད་དཔེ་གཞི་བཅས་ལ་དམིགས་བསལ་ཟབ་འཁྲིད་གནང་ཡོད། ཐབས་ལམ་འདི་དག་བརྒྱུད་དགེ་རྒན་གྱིས་སློབ་མ་གཙོ་བོར་བྱས་པའི་སློབ་ཚན་འཆར་འགོད་བྱེད་ཐབས་དང་། སློབ་མའི་སྔོན་གྱི་ཤེས་བྱ་ངོས་འཛིན་བྱེད་ཐབས། དེ་དང་འཚམ་པའི་སྒྲོམ་གཞི་མཁོ་སྤྲོད་བྱེད་ཐབས། སློབ་མ་རྣམས་ལ་རིམ་བཞིན་རང་ཉིད་ཐོག་གདེང་ཚོད་དང་། རང་དབང་ཐོག་སློབ་སྦྱོང་བྱེད་ཐུབ་པ་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་ཐབས་བཅས་ཀྱི་ཐོག་ལ་གོ་རྟོགས་ཐོབ་ཡོད། ཟབ་ཁྲིད་སྐབས་ཉེ་འཁོར་འཛིན་རིམ་བརྒྱད་པའི་རྒྱ་གར་སློབ་ཕྲུག་རྣམས་དང་ལྷན་དཔེ་སྟོན་འཛིན་གྲྭ་ཞིག་ཀྱང་ཚོགས་ཡོད་ཅིང་། དེས་མཉམ་ཞུགས་དགེ་རྒན་རྣམས་ལ་ཐད་ཀར་འཛིན་ཁང་ནང་བྱ་སྤྱོད་གཙོ་བོར་བྱས་པའི་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་ཐོག་ཤེས་རྟོགས་བྱུང་ཡོད།

ཉིན་ལྷག་མའི་རིང་ཚན་རིག་དང་ཨང་རྩིས་དགེ་རྒན་རྣམས་སྡེ་ཚན་སོ་སོར་ཕྱེས་ཏེ། དགེ་རྒན་རྣམས་ལ་རང་བཟོའི་འཁྲིད་ཆས་བཟོ་སྟངས་སློབ་སྟོན་གནང་ཡོད་པ་མ་ཟད། རང་ཉིད་ཀྱི་སློབ་ཚན་ལ་རན་པའི་ཁྲིད་ཆས་བཟོ་བྱེད་ཀྱི་ལག་ཆ་དང་དཔེ་མཚོན་བཅས་པ་ཆ་ཚང་སློབ་ཁྲིད་གནང་ཡོད།  

གཞན་ཡང་མཉམ་ཞུགས་པ་རྣམས་རྒྱ་ཁྱོན་ཨེ་ཀར་ ༡༧༢ ཅན་གྱི་ཨ་ག་སྟ་ཡ་གསར་གཏོད་ཁོར་ཡུག་གི་ཤེས་ཡོན་བསྟི་གནས་ཁང་རྣམས་ལ་སྔ་དགོང་ཟབ་སྦྱོང་མིན་པའི་དུས་སྐབས་དང་བསྟུན་ནས་བཅར་ཡོད་པ་དང་། དེ་དག་ལས་ཚན་རིག་དང་ཨང་རྩིས་ཁྲིད་ཆས་ཞིབ་འཇུག་ཁང་དང་། རཱ་མཱ་ནུ་ཛན་ཨང་རྩིས་གླིང་ག སྐྱེ་དངོས་གསར་རྙེད་ལྟེ་གནས། ཨཱ་ཀཱཤ་རྒྱང་ཤེལ་ལྟ་ཞིབ་ཁང་སོགས་སུ་ཕེབས་ཡོད།

ཟླ་བ་ ༨ ཚེས་ ༢༧ ཉིན་གྱི་ཕྱི་དྲོར་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་ཟབ་ཁྲིད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དགེ་ཆེ་ཉི་མ་ཚེ་རིང་ལགས་དང་ཨང་རྩིས་རྒྱུས་སྟོན་པ་ཟུར་པ་འཕྲིན་ལས་དཔལ་མོ་ལགས་རྣམ་གཉིས་ཀྱིས་ཟབ་ཁྲིད་པ་ཡོངས་ལ་ཕྱག་རྟགས་ཕུལ་ཡོད།

ཉིན་བཞིའི་ལས་རིམ་མཇུག་སྒྲིལ་རྗེས་མཉམ་ཞུགས་དགེ་རྒན་ ༤༥ སོ་སོའི་སློབ་གྲྭར་ཕྱིར་ཕེབས་དང་། དེ་མིན་སློབ་ཁག་བཞི་སྟེ་ཅན་དྷ་གྷ་རི་སཾ་བྷོ་ཊ་སློབ་གྲྭ་དང་། ཀ་སྦུག་སཾ་བྷོ་ཊ་གཏན་སློབ། རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ལ་དྭགས་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཨང་རྩིས་དགེ་རྒན་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་ཨང་རྩིས་ཁྲིད་ཆས་ཁང་གསར་འཛུགས་ཀྱི་ལས་གཞི་དང་འབྲེལ་ཨང་རྩིས་ཁྲིད་ཆས་བེད་སྤྱོད་བྱེད་ཚུལ་གྱི་ཉིན་གཉིས་ཀྱི་ཟབ་ཁྲིད་སྦྱོང་བརྡར་ཞིག་ཀྱང་ཚོགས་ཡོད་པ་དང་། མ་འོངས་པར་རིམ་པས་རོགས་དངུལ་གྱི་གྲོས་དང་བསྟུན་ནས་སློབ་ཁག་ཡོངས་ལ་དེ་ལྟར་ཨང་རྩིས་ཁྲིད་ཆས་ཁང་དང་སློབ་གྲྭའི་ནང་ཨང་རྩིས་ཁོར་ཡུག་བསྐྲུན་འཆར་ཡོད་འདུག

སྦྱོང་བརྡར་དེ་བཞིན་ཨང་རྩིས་ཤེས་ཡོན་སློབ་ཁྲིད་པ་དང་ནང་དོན་གསར་སྐྲུན་པ་གཽ་རི་ས་ཏྱ་ལགས་ཀྱིས་ཟབ་ཁྲིད་གནང་བ་དང་། ཁོང་གིས་སློབ་ཁྲིད་ཡོ་ཆས་རེ་རེའི་ངོ་སྤྲོད་གནང་བ་དང་། སློབ་ཁང་ནང་ལག་ལེན་བསྟར་ཚུལ།  ཡོ་ཆས་བེད་སྤྱོད་ཐོག་ནས་ཨང་རྩིས་ཀྱི་བརྗོད་དོན་རྣམས་སློབ་མའི་ཤེས་རྟོགས་དང་བསམ་གཞིག་ཐུབ་པའི་ཐབས་ལམ་ལག་ལེན་ལ་བསྟར་ཚུལ་བསྟན་ཡོད། དེ་མིན་ཤེས་རིག་ལས་ཁུངས་ནས་བོད་ཁྱིམ་ཨང་རྩིས་རྒྱུས་སྟོན་པ་ཟུར་པ་འཕྲིན་ལས་དཔལ་མོ་ལགས་དང་ཨ་ག་སྟ་ཡ་པེར་ཤཱཝ་ལི་ལགས་ཀྱི་རྒྱབ་སྐྱོར་འོག་འཛིན་རིམ་དང་པོ་ནས་ལྔ་པའི་བར་གྱི་བོད་ཕྲུག་ཚོའི་ཆེད་ཨང་རྩིས་སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་གནང་ཡོད།

ལས་རིམ་མཇུག་སྒྲིལ་རྗེས་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་ཟླ་བ་ ༨ ཚེས་ ༣༡ ཉིན་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེ་དངོས་ཞིབ་འཇུག་ལྟེ་གནས་ཁང་ (NCBS) གི་འགན་འཛིན་སློབ་དཔོན་ཨེལ་ཨེས་ཤ་ཤི་དྷ་ར་ལགས་དང་། ཤེས་ཡོན་འགན་འཛིན་ཀིར་ཐི་ལགས་མཇལ་ཕྲད་ཀྱིས་ཁོང་རྣམས་ཀྱིས་ལོ་ལྟར་བོད་ཕྲུག་རྣམས་ཚན་རིག་ཉམས་གསོག་གི་གོ་སྐབས་གནང་བཞིན་པ་དང་། ལྷོ་ཕྱོགས་སློབ་ཁག་གི་ཚན་རིག་ཤེས་ཡོན་སྐོར་སྐྱོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་མ་འོངས་ཤེས་རིག་ལས་ཁུངས་དང་ལྷན་ལས་རིམ་གཞན་གྱི་ཐོག་ལའང་མཉམ་ལས་བྱ་རྒྱུའི་ཐོག་གོ་བསྡུར་གནང་།

ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་གཞུང་གིས་མཐུན་འགྱུར་གནང་ཡོད་པ་བཅས།།


སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་གྷོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་བཅས་སུ་འཚམས་གཟིགས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་སློབ་ནང་ཁུལ་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཐོག་ཆེད་ཕེབས་གནང་བ།