ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་མཇུག་སྒྲིལ་བ།

ཕྱི་ལོ་ ༢༠༢༦ ལོའི་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་མཇུག་སྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་བོད་ཀྱི་ཚན་རིག་མཐུན་ཚོགས་ཟུང་འབྲེལ་གྱིས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭ་ཁག་ ༡༤ ནང་སློབ་གྲྭ་ཁག་ལ་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་ལེགས་པར་མཇུག་སྒྲིལ་ཡོད།

མཉམ་འབྲེལ་གྱི་ལས་གཞི་དེས་བོད་པའི་སློབ་ཕྲུག་རྣམས་ཀྱི་སེཊེམ་ (STEM) ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་བ་དང་འབྲེལ་མ་འོངས་ཚན་རིག་དང་འབྲེལ་བའི་མདུན་ལམ་ཁག་གི་གོ་རྟོགས་སྤེལ་ཐབས་སོགས་ལ་དམིགས་པའི་ལས་གཞི་ཞིག་དང་།   འདི་ནི་འཛིན་རིམ་ ༩ ནས་ ༡༠ དང་ ༡༡ ནས་ ༡༢ (ཚན་རིག་སྡེ་ཚན་) གྱི་སློབ་ཕྲུག་རྣམས་ལ་ཚན་རིག འཕྲུལ་རིག བཟོ་རིག རྩིས་རིག་སོགས་ཀྱི་ཤེས་ཡོན་དང་ལས་རིགས་ནང་ཞུགས་རྒྱུར་སྐུལ་མ་བྱེད་པའི་དམིགས་བསལ་གྱི་ལས་གཞི་ཞིག་ཡིན་ཞིང་། དེས་བོད་པའི་སྤྱི་ཚོགས་ནང་ཚན་རིག་དང་འབྲེལ་བའི་ལས་རིགས་ཁག་འདྲ་མིན་ལ་འཇུག་ཐུབ་རྒྱུའི་སླད་དང་། རྨང་གཞིའི་རྩིས་རིག་དང་ཚན་རིག་དཀའ་ངལ་སེལ་ཐབས། བོད་མིའི་སྤྱི་ཚོགས་ནང་ཁུལ་ལ་ཚན་རིག་དང་རྩིས་རིག་གི་ལས་རིགས་སྐོར་ལ་ཤེས་རྟོགས་དམན་པ་རྣམས་སེལ་ཐབས་བཅས་ཡིན། ཕྲུ་གུར་ཆུང་དུས་ནས་གོ་རྟོགས་སྤེལ་བ་དང་། མིག་ལྟོས་བྱེད་སའི་མི་སྣ་ངོ་སྤྲོད་བྱེད་པ། ཉམས་མྱོང་དངོས་བརྒྱུད་དེ་སློབ་ཕྲུག་རྣམས་ལ་སེཊེམ་སྡེ་ཚན་ནང་གི་ལས་རིགས་ཁག་སྟེ། བཟོ་རིག་དང་། སྨན་དོན། ཞིང་ལས། ཕྱུགས་རིགས་སྨན་བཅོས་སོགས་འབྲེལ་ཡོད་ལས་རིགས་ཀྱི་གོ་སྐབས་སྐོར་ལ་གོ་རྟོགས་རྒྱ་ཆེར་གཏོང་རྒྱུར་དམིགས་ཡོད།

ཕྱི་ལོ་ ༢༠༢༦ ལོའི་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༢༠༢༢ ལོར་སྦེལ་ཀོབ་བོད་ཁྱིམ་དུ་ཚོད་ལྟའི་ཚུལ་དུ་ཚན་རིག་མཐུན་ཚོགས་ནས་གོ་སྒྲིག་ཞུས་ཤིང་། ཕྱི་ལོ་ ༢༠༢༦ ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཚན་རིག་མཐུན་ཚོགས་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་གིས་ཟླ་བ་ ༦ ཚེས་ ༢༦ ཉིན་སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་དང་སྦེལ་ཀོབ་བདེ་སླར་སིཝི་པི་སཾ་བྷོ་ཊ་ཉིན་སློབ་གཉིས་ནས་ཐོག་མར་འགོ་འཛུགས་ཀྱིས། རིམ་བཞིན་ལྷོ་ཕྱོགས་ཁུལ་གྱི་སྦེལ་ཀོབ་བོད་ཁྱིམ་དང་། གུ་རུ་པཱུ་རཱ། ཀོ་ལེ་གྷལ། ཀ་སྦུག རྡོར་གླིང་། མོན་གྷོ་སཾ་བྷོ་ཊ་བཅས་གཏན་ཉིན་སློབ་གྲྭ་ཁག་དང་། དྷ་ས་ཁུལ་ནས་ཅོན་ཏ་ར། སུ་ཇཱ། གྷོ་པཱལ་པུར་བོད་ཁྱིམ་སློབ་གྲྭ  ཕྱི་ཟླ་ ༨ པའི་ཟླ་མཇུག་ཏུ་རཱཇ་པུར་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། མ་སུ་རི་སཾ་བྷོ་ཊ་གཏན་སློབ་བཅས་ལ་ལས་གཞི་སྤེལ་ཏེ་མཇུག་སྒྲིལ་གནང་འདུག སློབ་ཁག་ཁག་ ༡༤ འདི་དག་གི་ནང་ནས་སློབ་ཕྲུག་ ༡༢༢༧ དང་ ཚན་རྩིས་དགེ་རྒན་དང་མདུན་ལམ་སློབ་སྟོན་པ་སོགས་ ༩༢ ལས་གཞི་འདིའི་ནང་མཉམ་ཞུགས་གནང་ཡོད།

སློབ་གྲྭ་རེ་རེའི་ཚོགས་ཐུན་ནང་སློབ་སྦྱོང་དང་མཉམ་ཞུགས་ཆེན་པོ་བྱུང་ཕྱིར་རྣམ་པ་འདྲ་མིན་མཉམ་སྦྲེལ་བྱས་ཡོད། དེའི་ཁོངས་སུ་རྒྱུས་སྟོན་པས་གཏམ་བཤད་དང་། བགྲོ་གླེང་། དྲི་བ་དྲིས་ལན་བཅས་གོ་སྒྲིག་གནང་ཡོད། ཚན་རིག་གི་རྣམ་གཞག་རྣམས་དངོས་ཡོད་འཚོ་བའི་ནང་མཐུན་སྦྱོར་སོགས་དང་། ཚན་རྩིས་དགེ་རྒན་རྣམས་ལ་དམིགས་པའི་གུང་ཟས་དང་ལྷན་གོ་བསྡུར་ཚོགས་ཐུན་ནང་། དགེ་རྒན་རྣམས་ཀྱིས་རྒྱུས་སྟོན་པ་རྣམས་དང་ལྷན་ཉིན་རེའི་འཛིན་གྲྭའི་ནང་ཚན་རྩིས་སློབ་ཚན་ལ་སྐུལ་འདེད་གནང་ཕྱོགས་ཀྱི་ཉམས་ལེན་རྣམས་མཉམ་སྦྲེལ་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་ཡོད།

ལས་གཞི་འདིའི་ཁོངས་སུ་རྒྱུས་སྟོན་པ་སྣ་ཚོགས་གཅིག་ཏུ་བསྡུས་ཡོད། དེ་ཡང་ ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༡༤ ཉིན་ཤེས་རིག་ལས་ཁུངས་ཀྱིས་གཞུང་འབྲེལ་དྲྭ་རྒྱ་ཁག་དང་། བོད་ཀྱི་སྒྲ་བརྙན་བརྒྱུད་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས་ལྟར། བོད་པའི་ཚན་རིག་པ་གཞོན་སྐྱེས་ ༡༡ དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན། བརྡ་འཕྲིན་ཆེད་ལས་མཁས་པ། གཞན་ཡང་སེཊེམ་ཆེད་ལས་རིགས་པ་མཉམ་ཞུགས་བྱས་ཡོད། ཁོང་རྣམ་པས་རང་ཉིད་ཀྱི་ཤེས་ཡོན་གྱི་ལམ་བུ་དང་། ཞིབ་འཇུག ལས་རིགས་ཀྱི་ཉམས་མྱོང་། སེཊེམ་ལམ་བུར་ཞུགས་རྒྱུའི་ལག་ལེན་གྱི་ལམ་སྟོན་བཅས་བརྒྱུད་དེ་སློབ་ཕྲུག་རྣམས་ལ་མིག་ལྟོས་བྱེད་སའི་རྣམ་པ་བསྐྲུན་ཐུབ་ཡོད།

ཕྱི་ལོ་ ༢༠༢༦ ལོའི་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་འདིར་སློབ་ཕྲུག་གི་མཉམ་ཞུགས་དང་སློབ་གྲྭའི་ཁྱབ་ཚད་ཀྱི་ཆ་ནས་ཐོག་མའི་རེ་བ་ལས་བརྒལ་ཡོད་པ་མ་ཟད། སློབ་ཕྲུག་དང་སློབ་སྤྱི་དགེ་རྒན་རྣམས་ཀྱིས་ལས་གཞི་འདིར་བསྔགས་བརྗོད་གནང་ཡོད། ལས་གཞི་འདིར་ཨ་རིའི་གཞུང་གིས་བོད་ཀྱི་ཐེབས་རྩ་བརྒྱུད་ནས་རོགས་རམ་གནང་བ་ཞིག་ཡིན། །


སྔོན་མ།
ཕྱི་ལོ་ ༢༠༢༧ ལོའི་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཡོན་གསལ་བསྒྲགས།