ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་གིས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་སཾ་བྷོ་ཊའི་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ལ་གཟིགས་སྐོར་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རིག་གཞུང་དང་རྩོམ་རིག་འདུ་འཛོམས་དབུ་འབྱེད་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་དང་། དེང་རབས་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ ༢༦ ནས་ཕེབས་བསུའི་འཚམས་འདྲི་ཞུས་ཡོད།

དེ་རྗེས་བཀའ་བློན་མཆོག་མོན་གྷོ་སཾ་བྷོ་ཊའི་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་དང་རེག་ཊར། དགེ་ལས་སློབ་ཕྲུག་བཅས་ནས་རྔ་རོལ་དང་བཅས་ཕེབས་བསུ་ཞུས་ཡོད་ཅིང་། སྐབས་དེར་དེང་རབས་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ལྷན་བཅར་ཞུས་ཡོད།

སློབ་གྲྭའི་འདུ་འཛོམས་ཐོག་སློབ་སྤྱི་ནས་བཀའ་བློན་མཆོག་ལ་ཕེབས་བསུའི་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་གྲུབ་མཚམས། ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་འབྲེལ་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་སྟེ། དགེ་རྒན་རྣམས་ནས་སློབ་ཁྲིད་གནང་བའི་སྐབས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དགོས་པའི་འབོད་སྐུལ་དང་། སློབ་གྲྭའི་ངོས་ནས་སློབ་ཕྲུག་རྣམས་ལ་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གཏམ་བཤད་གང་མང་གོ་སྒྲིག་གིས་སློབ་ཕྲུག་རྣམས་ལ་འགན་འཁྲི་ཡོད་པའི་བསམ་པ་བསྐྲུན་དགོས་པའི་ལམ་སྟོན་གནང་ཡོད།

དེ་བཞིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བའི་སྐོར་ངོ་སྤྲོད་ཀྱིས་སློབ་ཕྲུག་རྣམས་ནས་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། སློབ་ཕྲུག་རྣམས་ནི་བོད་དོན་འཐབ་རྩོད་ཀྱི་མ་འོངས་པ་ཡིན་པ་ནན་བརྗོད་གནང་ཡོད།

སྔ་དྲོའི་འདུ་འཛོམས་གྲུབ་རྗེས་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་གིས་སློབ་གྲྭའི་འཛིན་ཁང་ཁག་ལ་གཟིགས་སྐོར་གྱིས་སློབ་ཕྲུག་རྣམས་དང་འབྲེལ་འདྲིས་གནང་སྟེ། སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་ཡོད།

ཉིན་རྒྱབ་ཏུ་བཀའ་བློན་མཆོག་གིས་མོན་གྷོ་སཾ་བྷོ་ཊ་ཡན་ལག་སློབ་གྲྭའི་འཛིན་ཁང་ཁག་ཏུ་གཟིགས་ཞིབ་གནང་སྟེ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་རྣམས་དང་ཐུག་འཕྲད་གནང་རྗེས། དགའ་ལྡན་ཤར་རྩེ་དང་བྱང་རྩེ་སློབ་གྲྭར་གཟིགས་ཞིབ་ཀྱིས་སློབ་གྲྭའི་སློབ་སྤྱི་དང་བཀའ་བསྡུར་གནང་ཡོད།

གོང་ཚེས་ཉིན་གྱི་ཕྱི་དྲོར་མོན་གྷོ་སཾ་བྷོ་ཊ་སློབ་གྲྭ་ཁག་གསུམ་གྱི་དགེ་ལས་རྣམས་དང་ཐུག་འཕྲད་ཀྱིས་དགེ་ལས་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་ལ་ཡི་རང་བསྔགས་བརྗོད་དང་འབྲེལ་དེ་ལྟར་རྒྱུན་མཐུད་གནང་དགོས་པའི་འབོད་སྐུལ་གནང་སྟེ། དགེ་ལས་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

ཕྱི་ཚེས་ ༤ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་གཞིས་མི་རྣམས་ཚང་འཛོམས་ཀྱི་ཐོག་མར་ས་གནས་འགོ་འཛིན་ནས་བཀའ་བློན་མཆོག་གི་ལོ་རྒྱུས་སྙིང་བསྡུས་དང་འབྲེལ་ས་གནས་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གྲུབ་མཚམས། བཀའ་བློན་མཆོག་གིས་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་མང་ཚོགས་ལ་འཚམས་འདྲི་དང་སྦྲགས། བཀའ་ཤག་སྐབས་ ༡༧ པའི་ཕུགས་དམིགས་ཡིག་ཆ་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཐོག་ངོ་སྤྲོད་གནང་ཡོད།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་ཆེད་དམིགས་སུ་བཀར་ནས་སློབ་གྲྭ་ལོག་ཏུ་བཙུགས་དགོས་པའི་དགོངས་བཞེས་ཐོག་འགྲེལ་བརྗོད་གནང་ཞིང་། ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་བཞིའི་ཐོག་ངོ་སྤྲོད་ཞིབ་ཕྲ་གནང་སྟེ། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་ཐོག་ནན་བརྗོད་གནང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ལ་ལྟ་རྟོག་བྱེད་རྒྱུ་ནི་གཙིགས་ཆེར་འཛིན་བཞིན་ཡོད་པ་བཅས་གསུངས།

ཕྱི་ཚེས་ ༥ ཉིན་བཀའ་བློན་མཆོག་གིས་མོན་གྷོ་གཞི་གྲོང་ ༦ སཾ་བྷོ་ཊའི་སློབ་གྲྭར་ཆེད་ཕེབས་ཀྱིས་སློབ་གྲྭའི་འདུ་འཛོམས་ཐོག་གསུང་བཤད་གནང་གྲུབ་རྗེས། མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་སུ་གཟིགས་སྐོར་གྱིས་འཐུས་མི་ཁག་གཅིག་དང་ཐུག་འཕྲད་གནང་ཡོད། དེ་བཞིན་ས་གནས་ཀྱི་མཉམ་འབྲེལ་ཚོགས་པ་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། རྒན་གསོ་ཁང་བཅས་སུ་གཟིགས་ཞིབ་གནང་ཡོད། བཀའ་བློན་མཆོག་གིས་བུ་བཅོལ་ཁང་གསུམ། སྔོན་འགྲོ་སློབ་གྲྭ་བཅས་སུ་གཟིགས་སྐོར་གྱིས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་གནང་ཕྱོགས་དང་སློབ་ཕྲུག་གི་རྩེད་ཆས་ཁག་ལ་གཟིགས་ཞིབ་གནང་ཡོད།

ཕྱི་ཚེས་ ༦ ཉིན་ཤེས་རིག་བཀའ་བློན་མཆོག་ལྷོ་ཕྱོགས་ཁུལ་གྱི་སྐད་ཡིག་དང་རྩོམ་རིག་འདུ་འཛོམས་དབུ་འབྱེད་གནང་ཡོད། ཉིན་རྒྱབ་བཀའ་བློན་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་དང་འབྲས་སྤུངས་སྒོ་མང་སློབ་གྲྭ་དང་། ས་སྐྱ་བཅས་ཀྱི་སློབ་གྲྭར་གཟིགས་སྐོར་གནང་སྟེ་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་གནང་གྲུབ་རྗེས། སློབ་གྲྭའི་འཛིན་སྐྱོང་གི་ལས་བྱེད་རྣམས་དང་ཐུག་འཕྲད་གནང་སྟེ་སློབ་གྲྭའི་འབྲེལ་ཁོངས་ངོས་ལེན་གྱི་གནས་སྟངས་བཅས་ཀྱི་སྐོར་གླེང་མོལ་དང་། དེ་བཞིན་ཤེས་རིག་ལས་ཁུངས་ནས་དགོན་སྡེ་ཁག་གི་སློབ་གྲྭ་ཁག་དང་མཉམ་འབྲེལ་གོང་འཕེལ་བཏང་སྟེ་དགེ་རྒན་རྣམས་ལ་ཟབ་སྦྱོང་དང་སྦྱོར་བརྡར། དེ་བཞིན་བོད་ཡིག་ཀློག་དེབ་དང་སྒྲུང་དེབ་བཅས་ཀྱི་ཐོག་མཐུན་སྦྱོར་རོགས་རམ་གནང་རྒྱུ་ཡིན་པ་གསུངས། 

མཐར་ཤེས་རིག་བཀའ་བློན་མཆོག་ལྷོ་ཕྱོགས་ཁུལ་གྱི་སྐད་ཡིག་དང་རྩོམ་རིག་འདུ་འཛོམས་ཀྱི་གཏམ་བརྗོད་ལས་རིམ་ཐོག་ཕེབས་ཞུགས་གནང་སྟེ་འཚམས་གཟིགས་མཇུག་སྒྲིལ་ཡོད་པ་བཅས། །


སྔོན་མ།
འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་ཐོག་ཟབ་སྦྱོང་ལེགས་གྲུབ་ཟིན་པ།