ཟླ་རེའི་གསར་འགྱུར།

འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་ཐོག་ཟབ་སྦྱོང་ལེགས་གྲུབ་ཟིན་པ།

འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་ཐོག་ཟབ་སྦྱོང་ལེགས་གྲུབ་ཟིན་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༣ དང་ ༤ ཉིན་འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཤེས་རིག་ཚོགས་ཁང་དུ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ་ལེགས་གྲུབ་ཟིན།

དེ་ཡང་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་ནང་གསེས་བསླབ་གཞི་ལོགས་སུ་ཡོད་པ་ཞིག་ཡིན་པ་དང་། དེ་ཉིད་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ ༤༩ ཡི་ནང་ལག་བསྟར་གང་ལེགས་ཡོང་སླད་དང་ཐོག་ཤེས་རིག་ལས་ཁུངས་ཀྱི་ཉེ་འཁོར་དུ་ཡོད་པའི་དྷ་ས་མེཀ་གྷན་བོད་ཁྱིམ་ཉིན་སློབ་དང་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གཉིས་ཀྱི་ནང་ཚོད་ལྟའི་ལག་བསྟར་བྱེད་རྒྱུར་དམིགས་ཏེ། ཚེས་ ༣ དང་ ༤ ཉིན་གཉིས་རིང་སློབ་གྲྭ་གཉིས་ཀྱི་དགེ་ལས་ཡོངས་རྫོགས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་ཐོག་ཟབ་སྦྱོང་ཕུལ་ཡོད།

ཟབ་སྦྱོང་གི་མཐུན་སྦྱོར་བ་ནི། ཨཱཡུརྗྙཱན་ ནྱཱས་ (Ayur Gyan Nyas) ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དིབ་ཏི་གུ་ལ་ཊི་ (Deepti Gulati) ལགས་དང་། ཚོགས་མི་ཨན་ཤུ་ས་ཧི་ (Anshu Sahi) ལགས། ཚེ་རིང་བསྟན་འཛིན་ལགས། ཚེ་རིང་དབྱངས་འཛོམས་ལགས་བཅས་ཡིན།

ཉིན་གཉིས་ཀྱི་ཟབ་སྦྱོང་ནང་སྤྱིར་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་གྱི་བསླབ་གཞིའི་རྒྱབ་ལྗོངས་ངོ་སྤྲོད་དང་། དགོས་མཁོ་དང་དམིགས་ཡུལ། གྲུབ་ཆ་ལྔ། ངན་སྤྱོད་སྤངས་པའི་བཟང་སྤྱོད། ཡོན་ཏན་ཡར་རྒྱས་ཀྱི་བཟང་སྤྱོད། བྱམས་བརྩེའི་བཟང་སྤྱོད། རབ་ཏུ་རྣམ་འབྱེད་ཀྱི་བཟང་སྤྱོད། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་སོགས་ཀྱི་ཐོག་ངོ་སྤྲོད་ལེགས་པར་གནང་ཡོད།  ཚོགས་ཐུན་མཐའ་མར་ལག་བསྟར་གནང་ཕྱོགས་ཐད་དགེ་རྒན་རྣམས་ཀྱི་ལྷན་དུ་གྲོས་བསྡུར་གནང་ཡོད། 

ཟབ་སྦྱོང་དེའི་ནང་བོད་ཁྱིམ་མེག་གྷན་ཉིན་སློབ་གྱི་དགེ་རྒན་བཅུ་དང་།  གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཉི་ཤུ་རྩ་ལྔ།  ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཞི། སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་གཅིག་བཅས་ཁྱོན་བསྡོམས་མི་གྲངས་ ༤༠ ནས་མཉམ་ཞུགས་གནང་ཡོད།

ཕྱི་ལོ་ ༢༠༢༥ ལོར་ཤེས་རིག་ལས་ཁུངས་དང་ཨཱཡུརྗྙཱན་ ནྱཱས་ཚོགས་པ་གཉིས་ཀྱི་དབར་གན་རྒྱ་བཞག་པ་ལྟར། ཨཱཡུརྗྙཱན་ ནྱཱས་ཚོགས་པས་རྩོམ་སྒྲིག་གནང་བའི་ «འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན།» དང་འབྲེལ་བའི་དཔེ་དེབ་བཅུ་འདི་ལས་ནས་བོད་སྒྱུར་གྱིས་གཞི་རིམ་འོག་མའི་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱེད་འཆར་ཡོད་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ནང་ཤེས་རིག་ལས་ཁུངས་ནས་སྒྱུར་པ་པོ་བཞིའི་ལྷན་དུ་གན་རྒྱ་བཞག་སྟེ་བོད་སྒྱུར་གྱི་ལས་གཞི་རྣམས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ནང་ལེགས་པར་གྲུབ་སྟེ། བོད་སྒྱུར་ཞུས་ཟིན་པའི་དཔེ་དེབ་བཅུ་ཆ་ཚང་ཞུ་དག་དང་བསྐྱར་ཞིབ་ཞུ་སླད་འགན་འཁུར་བ་ཟུང་དྲུང་དགེ་འདུན་དོན་ཡོད་ལགས་དང་ལྷན་དུ། དྲུང་གཞོན་བསྟན་འཛིན་དཔལ་ལགས། སྡེ་འགན་ཀརྨ་བདེ་སྐྱིད་ལགས། ཨོ་ཤོད་ཚེ་རིང་དབྱངས་འཛོམས་ལགས། ཚེ་རིང་བསྟན་འཛིན་ལགས་བཅས་མི་འགྲོ་ལྔ་ལས་གྲུབ་པའི་ཚོགས་ཆུང་བཙུགས་ནས། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ནས་ ༢༥ བར་གཞི་རིམ་འོག་མའི་དཔེ་དེབ། ངའི་བདེ་སྐྱིད་ཀྱི་ལམ་བུ། ཞེས་པའི་དེབ་ཕྲེང་ལྔ་ལ་ཞུ་དག་དང་བསྐྱར་ཞིབ་ཞུས་ནས་ཚོད་ལྟའི་ལག་བསྟར་སླད་དེབ་གྲངས་ ༥༠ རེ་པར་སྐྲུན་ཞུས་ནས་ད་རེས་ཟབ་སྦྱོང་གི་མཉམ་ཞུགས་པ་ཡོངས་ལ་འགྲེམས་སྤེལ་ཞུས་ཡོད།

འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཡོངས་རྫོགས་ཀྱི་འགྲོ་གྲོན་རྣམ་དཔྱོད་སྦྱིན་པའི་བདེ་རྩ་ (Wisedana Foundation) ནས་མཐུན་འགྱུར་གནང་ཡོད།།


སྔོན་མ།
ཤེས་ནུས་ཞན་པའི་སློབ་ཕྲུག་རྣམས་ལ་གཞི་རྩའི་ཁ་གསོ་སློབ་ཁྲིད་ཐབས་བྱུས་ཀྱི་ཟབ་སྦྱོང་།