ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་འོས་བསླབ་པ་མཐར་སོན་པའི་མཛད་སྒོ།

༄༅། །ཕྱི་ལོ་༢༠༡༢ ཟླ་༤ ཚེས་༣ སྔ་དྲོ་ཆུ་ཚོད་ ༡༡།༡༥ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡ ནས་འགོ་འཛུགས་གནང་བའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གི་བསླབ་པ་མཐར་སོན་པའི་མཛད་སྒོ་གོ་སྒྲིག་ཞུས་ཡོད་པ་དང༌། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་དྲུང་དང་ཤེས་རིག་དྲུང་ཆེ་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། ཤེས་རིག་ཤེས་ཡོན་འགན་འཛིན་དང་དྲུང་གཞོན། འོས་སྦྱོང་སློབ་ཁྲིད་གནང་མཁན་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་རྣམ་པ་ཚོགས་ཕེབས་གནང་ཡོད། ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་འོས་སྦྱོང་ལས་བསྡོམས་དང་གྲུབ་འབྲས་སྒྲོགས་སྦྱང་ཞུས་པ་དང༌། དེའི་རྗེས་སུ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་འོས་སྦྱོང་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་བ་དང༌། དེ་རྗེས་སྐུ་མགྲོན་གཙོ་བོས་འོས་སྦྱོང་སློབ་ཁྲིད་གནང་མཁན་རྣམས་ལ་ལེགས་གསོལ་མཇལ་དར་དང༌། འོས་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་སྟེ་ལམ་སྟོན་གསུང་བཤད་གནང་བའི་ནང། དགེ་རྒན་གྱི་ཁྱད་ལས་པའི་ཤེས་ཡོན་ཐོག་གཞན་ཕན་གྱི་ཀུན་སློང་རྣམ་དག་དགོས་གལ་ཆེ་བ་དང༌། ལྷག་པར་དགེ་རྒན་གྱི་ལས་སྒོར་ཞུགས་པར་བསྔགས་བརྗོད་དང༌། དེ་བཞིན་དགེ་རྒན་གྱི་ལས་ཀའི་གལ་གནད། ཤེས་ཡོན་སྲིད་བྱུས་དགོངས་དོན་དང་མཐུན་པའི་དགེ་རྒན་ཚད་ལྡན་ཞིག་ཡོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང༌ཡོད།
ད་ཐེངས་འོས་སྦྱོང་ནང་ཉེ་བའི་གཙུག་ལག་རབ་འབྱམས་སློབ་ཐོན་གཞི་རིམ་འོག་མའི་དགེ་འོས་སྦྱོང་གནང་མཁན་ ༡༢ ཡོད་པ་རྣམས་སམ་བྷོ་ཊ་བོད་སློབ་དང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སུ་ལས་བགོས་ཞུ་གཏན་འཁེལ་འདུག་པ་བཅས།།

སྔོན་མ།
བཀའ་ཁྲི་མཆོག་གིས་གཞི་རིམ་བར་མའི་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལས་འཁུར་ཞུས་པ།