ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལས་འཁུར་ཞུས་པ།

གསར་འཕྲིན།

༄༅། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཁུངས་སུ་བཀའ་ཤག་གིས་བཀོད་ཁྱབ་ལྟར་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཤེས་རིག་དྲུང་ཆེའི་ལས་འཁུར་སླར་ཡང་བཞེས་པའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
     དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྲོད་དཔང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ངོ་བཞུགས་ཐོག་དྲུང་ཆེ་རྙིང་པ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། དྲུང་ཆེ་གསར་པ་དངོས་གྲུབ་ཚེ་རིང་ལགས་གཉིས་ཀྱི་ཡིག་ཆ་དང་འགན་དབང་ཁག་རྩིས་སྤྲོད་རྩིས་ལེན་གྱི་མཚན་རྟགས་བཀོད་ཟིན་རྗེས། ༸རྒྱལ་བའི་སྐུ་པར་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་ཕུལ་གྲུབ་མཚམས་དྲུང་ཆེའི་ཞབས་སྟེགས་སུ་འཁོད་དེ། རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་ཕུལ། དེ་ནས་དྲུང་ཆེ་རྙིང་པ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང། དྲུང་འཕར་སྟོབས་རྒྱལ་ལགས་ཀྱིས་དབུས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་འཚམས་འདྲིའི་མཇལ་དར་ཕུལ་རྗེས་ལས་བྱེད་རེ་རེ་བཞིན་ངོ་སྤྲོད་ཀྱི་འཚམས་འདྲིའི་མཇལ་དར་ཕུལ་ཏེ་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་གནང་ཡོད་། དེ་རྗེས་ལས་བྱེད་ཡོངས་ཚང་འཛོམས་ཀྱི་དྲུང་ཆེ་གསར་པ་ངོ་སྤྲོད་དང་འབྲེལ་བའི་ལྷན་ཚོགས་ཞིག་གནང་ཡོད་པ་བཅས།

སྔོན་མ།
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་འོས་བསླབ་པ་མཐར་སོན་པའི་མཛད་སྒོ།
ཕྱི་མ།
ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ལྷན་ཚོགས་སྐབས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ།
Menu