ཟླ་རེའི་གསར་འགྱུར།

དཔེ་སྟོན་སློབ་གྲྭ་རྟོག་ཞིབ་དང་ཤེས་ཡོན་ཉམས་གསོག་ལས་འཆར།

༄༅། །ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་ནས་ཤེས་ཡོན་སྲིད་བྱུས་དོན་ཚན་ཆ་ཚང་ལག་བསྟར་གནང་ཡུལ་ཕྱི་ལོ་ ༢༠༠༥ ལོར་མེས་དབོན་དཔེ་སྟོན་སློབ་གྲྭ་གསར་འཛུགས་གནང་བ་དང༌། ཕྱི་ལོ་ ༢༠༠༦ ནས་སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ཏུ་ལག་བསྟར་གནང་ནས་ལོ་ངོ་ ༧ ཙམ་འགྲོ་བཞིན་པ་བཅས་ལ་བརྟེན་ནས། བོད་ཁྱིམ་གཉིས་དང་སྒེར་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པས་དཔེ་སྟོན་སློབ་གྲྭ་དང་སམ་བྷོ་ཊའི་སློབ་ཁག་ལ་གཟིགས་ཞིབ་དང་ལག་བསྟར་གྱི་བརྒྱུད་རིམ་ཉམས་གསོག་གིས་ལེགས་སྤེལ་ཉེས་འགོག་ཐད་ཤེས་ཡོན་བརྗེ་རེས་ལས་འཆར་རིམ་ཅན་སྤེལ་དང་སྤེལ་བཞིན་པ་ལྟར། ཕྱི་ཟླ་ ༩ ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་རྡ་སྟེང་དང་རྡ་ཤོད། གོ་པུར་བོད་ཁྱིམ་སློབ་སྤྱི་རྣམ་པ་ནས་དཔེ་སྟོན་སློབ་གྲྭ་དང་ཚེས་ ༡༧ དང་ ༡༨ ཉིན་གཉིས་རིང་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཀྱི་ཤེས་ཡོན་སློབ་འཁྲིད་གནས་སྟངས་ལ་གཟིགས་ཞིབ་གནང༌།
      ཕྱི་ཟླ་ ༡༠ ཚེས་ ༡༠ ནས ༡༡ བར་ཉིན་གཉིས་རིང་རྡ་སྟེང་བོད་ཁྱིམ་དགེ་ཆེ་དང་གོ་པུར་དགེ་ཆེ་རྣམ་གཉིས་ནས་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་དང་ཕྱི་ཚེས་ ༡༥ དང་ ༡༦ བཅས་དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སོགས་གང་ཅིའི་གནས་སྟངས་ལ་གཟིགས་ཞིབ་གནང༌།
ཕྱི་ཟླ་ ༡༠ ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་སུ་ཇཱ་དང་ཅོན་ཏ་ར་བོད་ཁྱིམ་སློབ་སྤྱི་རྣམ་གཉིས་ནས་དཔེ་སྟོན་སློབ་གྲྭ་དང་ཕྱི་ཚེས་ ༢༦ ཉིན་ཅོན་ཏ་ར་སམ་བྷོ་ཊ། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་ ༢༢ བར་ལ་དྭགས་དང་སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་སྤྱི་རྣམ་གཉིས་ནས་དཔེ་སྟོན་སློབ་གྲྭ ཕྱི་ཟླ་ ༡༡ ཚེས་ ༡༢ ནས་ ༡༤ བར་མ་སུ་རི་བོད་ཁྱིམ་དགེ་ཆེ་དང་ར་ཇ་པུར་བོད་ཁྱིམ་འགན་འཛིན། སེ་ལ་ཀུ་ཡེ་བོད་ཁྱིམ་དགེ་ཆེ། སྤོན་ཊ་གཏན་སློབ་ཀྱི་དགེ་ཆེ། བདེ་སྐྱིད་གླིང་ཉིན་སློབ་ཀྱི་དགེ་ཆེ། སུ་ཇཱ་དང་ཅོན་ཏ་ར་བོད་ཁྱིམ་གྱི་དགེ་ཆེ་བཅས་ནས་དཔེ་སྟོན་སློབ་གྲྭའི་ཤེས་ཡོན་གནས་སྟངས་དང་དགེ་རྒན་སློབ་ཁྲིད་སོགས་གཟིགས་ཞིབ་གནང་བཞིན་ཡོད་པ་དང༌། ཕྱི་ཚེས་ ༡༥ དང་༡༦ བཅས་ཉིན་གཉིས་རིང་སྤོན་ཊ་གཏན་སློབ་དང་ཅོན་ཏ་ར་གཏན་སློབ་ཏུ་གཟིགས་ཞིབ་གནང་གཏན་འཁེལ་ཡོད་པ་རེད།
གཟིགས་ཞིབ་ལས་འཆར་སྐབས་སུ་སློབ་ཕྲུག་གི་བོད་ཨིན་སྐད་ཡིག་སོགས་ཀྱི་གནས་ཚད། དགེ་རྒན་སློབ་ཁྲིད། སློབ་ཕྲུག་ཚར་ལོངས། བསམ་སྤྱོད་ཀྱི་རང་དབང་སོགས་གཟིགས་ཞིབ་དང་འབྲེལ་དགེ་ལས་རྣམས་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་རྒྱུ་དང༌། ཤེས་རིག་ལས་ཁུངས་སུ་བཅར་ནས་གཟིགས་ཚུལ་ཇི་བྱུང་གོ་བསྡུར་ཞུ་རྒྱུ། གཞན་ཡང་སློབ་ཁག་སོ་སོར་འཁོར་ནས་གཟིགས་ཚུལ་ཇི་བྱུང་སློབ་ཁག་སོ་སོའི་དགེ་རྒན་ཚོའི་མཉམ་ཉམས་མྱོང་བརྗེ་རེས་གནང་ནས་ཤེས་རིག་ལས་ཁུངས་ལ་ལས་བསྡོམས་འགོད་འབུལ་ཞུ་རྒྱུ་ཡིན་པ་བཅས།།
སྔོན་མ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མའི་ཟབ་སྦྱོང་མཇུག་བསྡོམས་ཞུས་པ།
ཕྱི་མ།
གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་འདུ།