༄༅། །ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་ནས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་དྲག་པོས་དབང་འཛིན་བྱས་ཏེ། བོད་མིའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་མི་རྣམས། སྔ་ལམ་ལྟར་མཉམ་གནས་ཐུབ་ཐབས་བྲལ་ནས། གཞིས་བྱེས་གཉིས་སུ་གྱུར་དགོས་པའི་ཡིད་སྐྱོའི་གནས་ཚུལ་རྒྱལ་རབ་ལོ་རྒྱུས་ནང་དཀའ་སྡུག་ཆེ་བའི་ལེའུ་ཞིག་ཆགས་ཏེ། སྐྱབས་མེད་མགོན་མེད་དུ་གྱུར་བའི་སྐབས་དེར། ༸གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིའི་སྟེང་གསོན་གནས་ཐུབ་ཐབས་སུ། བུ་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་སྤྲོད་རྒྱུ་དེ་བཞིན་གལ་ཆེའི་ནང་ནས་གལ་ཆེ་ཤོས་ཤིག་ཏུ་རྩ་འཛིན་གནང་སྟེ། སློབ་སྡེ་གསར་འཛུགས་ཕྱག་བཞེས་གནང་བའི་ནང་གསེས་ཤིག་ཏུ། བོད་ཕྲུག་ཁྱིམ་སྡེ་འདི་ཡང་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༠ ལོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ཇི་ཕེབས་ཀྱི་དགོངས་དོན་བཞིན་དབུ་འཛུགས་གནང༌།
སྐབས་དེར་སྐུའི་གཅེན་མོ་ཞིང་གཤེགས་ཚེ་རིང་སྒྲོལ་མ་མཆོག་ནས་དབུ་འཁྲིད་གནང་བ་དང༌། དེའི་རྗེས་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་ནས་ཐུགས་འགན་བཞེས་གནང་མཛད་པ་བཞིན། སྐུ་ཚེ་ཧྲིལ་པོ་བུ་ཕྲུག་ཚོའི་བདེ་དོན་ཆེད་གཏོང་གནང་མཛད་པ་སོགས། ༸གོང་ས་མཆོག་གི་བཀའ་དགོངས་འགལ་མེད། ལྷག་བསམ་ཆེན་པོས་སྐུ་ངལ་ཧུར་བཞེས་གནང་འབྲས་སུ། ལོ་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་ཙམ་མ་ཟད། དུས་བསྟུན་དགོས་གལ་དང་བསྟུན་ནས་རྒྱ་སྐྱེད་འཛུགས་སྐྲུན་གནང་སྟེ། ད་ཆ་ཁྱིམ་སློབ་ཡན་ལག་ཆེ་ཆུང་བསྡོམས་ ༣༥ ཡོད་པ་རྣམས་འདི་ལྟར།
ཁྱིམ་སྡེ་ཁག ༥ ནང་གཏན་སློབ་གྲངས། | ༥༩༦༤ |
གཏན་སློབ་ཁག ༦ ནང་གཏན་སློབ་གྲངས། | ༢༠༨༢ |
གོང་གི་སློབ་ཁག་ནང་ཉིན་སློབ་གྲངས། | ༦༠༧ |
ཏཱ་ལའི་བླ་མ་མཐོ་སློབ་ནང་མཐོ་རིམ་སློབ་གཉེར་བ། | ༢༨༦ |
མཐོ་སློབ་གཞན་ཁག་ནང་མཐོ་རིམ་སློབ་གཉེར་བ། | ༡༤༥༨ |
ཉིན་སློབ་ཁག ༦ ནང་ཉིན་སློབ་གྲངས། | ༦༡༥ |
ཉིན་མོའི་བུ་བཅོལ་ཁག་ ༩ ནང་བུ་ཕྲུག | ༣༣༩ |
བཟོ་སློབ་སྡེ་ཚན་ ༢ ནང་བཟོ་རིག་སློབ་གཉེར་བ། | ༣༢༥ |
རྒས་གསོ་ཁག་ ༤ ནང་བགྲེས་སོང་གྲངས། | ༥༢༧ |
ཕྱི་རོགས་སྡེ་ཚན་ནང༌། | ༩༠༡ |
ཡན་ལག་ཆེ་ཆུང་ཁག་ནང་ལས་བྱེད་གྲངས། | ༡༤༨༩ |
བཅས་ཁྱོན་བསྡོམས་བོད་ཁྱིམ་ཁག་ནང་ལས་སློབ་གྲངས། | ༡༤༥༩༣ ཡོད། |
སློབ་འཇུག་དང་ཕྱིར་ཐོན་གནས་སྟངས།
༢༠༡༤ ལོར་སློབ་འཇུག་ཞུས་པ་གྲངས། | ༨༡༠ |
༢༠༡༤ ལོར་སློབ་ཐོན་སོང་བ་གྲངས། | ༦༦༥ |
༡། ཤེས་ཡོན་སྐོར།
ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་ལས་རིམ་སྤྱི་དང༌། ལྷག་པར་བོད་མི་རིགས་རང་ཉིད་ཀྱི་ངོ་བོ་མཚོན་པའི་ཁྱད་ཆོས་སྣ་ཚོགས་ཤིག་ཡོད་པ་རྣམས། བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་རྗེས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་རྒྱུའི་ཉེན་ཁའི་གནས་སུ་གྱར་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབས་བྱ་རྒྱུ་དེ་ནི་མི་རིགས་རང་ཉིད་ཀྱི་ལས་འགན་ཞིག་ཡིན་པའི་ལམ་སྟོན་ཇི་ཕེབས་ཀྱི་དགོངས་དོན་ལྟར། རང་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་བཟང་པོ་ཡོད་པ་རྣམས་བུ་ཕྲུག་ཚོའི་རྒྱུན་གཤིས་སུ་འཇགས་ཐབས། དེ་བཞིན་གནའ་དེང་ཤེས་ཡོན་གྱི་འདབས་གཤོག་གཉིས་ལྡན་གྱི་རྒྱལ་གཅེས་པ་ནུས་ལྡན་འབའ་ཞིག་འཚར་ལོངས་ཐུབ་ཐབས་སུ་འབྲེལ་ལས་ཡོངས་ནས་ལྷག་བློ་ཆེན་པོས་ཧུར་འབུངས་ཞུས་འབྲས་སུ་ལོ་རེ་བཞིན་རྒྱལ་ཡོངས་ཡིག་ཚད་ལེགས་ཐོན་ཡོང་བཞིན་པའི་ནང་ནས། འདི་ལོའི་སློབ་ཁག་གི་རྒྱལ་ཡོངས་ཡིག་ཚད་ཀྱི་གྲུབ་འབྲས་ནི།
འཛིན་རིམ་བཅུ་པ་དང༌། བཅུ་གཉིས།
ཀ འཛིན་རིམ་བཅུ་པ་ཡོད་པའི་སློབ་ཁག ༨ ཀྱི་ཡིག་ཚད་གྲུབ་འབྲས། | ||
འཛུལ་ཞུགས་སློབ་གྲངས། | ༨༠༢ | |
ཡིག་ཚད་འཁྱོལ་བ་གྲངས། | ༨༠༡ | |
སླར་གཏོང་དགོས་པ། | ༡ | |
འཁྱོལ་བའི་བརྒྱ་ཆ། | ༩༩་༩ | |
ཁ། འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་ཁག ༤ ཡིག་ཚད་གྲུབ་འབྲས། | ||
འཛུལ་ཞུགས་སློབ་གྲངས། | ༦༦༥ | |
ཡིག་ཚད་འཁྱོལ་བ་གྲངས། | ༦༡༤ | |
སླར་གཏོང་དགོས་པ། | ༣༨ | |
མ་འཁྱོལ་བ་གྲངས། | ༡༦ | |
འཁྱོལ་བའི་བརྒྱ་ཆ། | ༩༢་༣ |
༢༠༡༤ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ནང་ཡང་རྩེར་སོན་པ།
- འབྱུང་རིག་སྡེ་ཚན་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསོད་ནམས་དབྱངས་ཅན། བརྒྱ་ཆ་ ༩༡་༨
- ཚོང་རྩིས་སྡེ་ཚན་ནས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་སྒྲོལ་མ། བརྒྱ་ཆ་ ༩༣་༢
- ཚན་རིག་སྡེ་ཚན་ནས་སེ་ལ་ཀུཡེ་བོད་ཁྱིམ་གྱི་སློབ་མ་བསོད་ནམས་བཟང་མོ། བརྒྱ་ཆ་ ༩༣་༢
༢། ནང་ཆོས་དང་འབྲེལ་བའི་མཛད་རིམ།
ཀ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༤ ནས་ཚེས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སྟེང་བོད་ཁྱིམ་དུ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་གདན་ཞུས་བཞིན་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་དེ། ན་གཞོན་ཚོར་ཤེས་རབ་སྙིང་པོ་དང་འབྲེལ་བའི་སྒོ་ནས་ནང་ཆོས་ངོ་སྤྲོད་དང༌། གང་བློ་མའི་ལུང༌། ཉིན་གསུམ་པར་སྤྱན་རས་གཟིགས་ཀྱི་དབང་བཅས། ཐུགས་བརྩེ་བ་ཆེན་པོས་འདི་ཕྱི་གཉིས་སྨན་གྱི་ལམ་སྟོན་བཀའ་དྲིན་བསྐྱངས་གནང་མཛད་པ་སོགས་མགོན་པོ་གང་གི་བྱིན་གྱིས་རླབས་པའི་སྐལ་བཟང་གི་གོ་སྐབས་ཐོབ་པ་བྱུང༌།
ཁ། སྔ་དགོང་ཞལ་འདོན་སྐར་མ་ ༣༠ རེ་ཡོད་པ་དེའི་སྐབས་ཆོས་དགེ་རྣམ་པ་ཚོའི་ཐོག་ནས་ཞལ་འདོན་ཁག་གི་ནང་དོན་གོ་རྟོགས་ཐུབ་ཕྱིར་འགྲེལ་བརྗོད་དང་ལམ་སྟོན་དགོས་གལ་བཞིན་གནང་མུས།
ག ལོ་འཁོར་གྱི་མཛད་རིམ་ནང་གསལ་ལྟར་ཆོས་དགེ་རྣམ་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་དགོས་པ་བཞིན་འཛིན་རིམ་སོ་སོར་གཞིགས་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་གནང་མཛད་མུས།
ང༌། རིགས་ལམ་སློབ་ཁྲིད་སྐོར།
- རིགས་ལམ་སློབ་ཁྲིད་ཀྱི་རྩོད་ལམ་དེ་སློབ་ཚན་གཞན་ལའང་དེ་མཚུངས་འབྱུང་ཐབས་ཕེབས་དགོངས་ལྟར་ལག་བསྟར་ཞུ་བཞིན་ཡོད་པ་མ་ཟད། ད་ལྟའི་འཆར་འཛིན་རིམ་ ༣ ཡན་ལ་རིགས་ལམ་སློབ་ཁྲིད་ཀྱི་ལམ་སྟོན་ཞུ་བཞིན་ཡོད། སློབ་སྡེ་ནང་ཁུལ་རིགས་ལམ་གོ་རྟོགས་སྤེལ་རེས་ཆེད། ལོ་ལྟར་འདུ་འཛོམས་བྱ་རྒྱུ་ཞུས་པ་དེ་ཡང་སློབ་སྡེ་སོ་སོའི་ནང་ནས་ཡང་རྩེར་སོན་པ་རྣམས་སྔ་ལོ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་འཛོམས་ནས་ཚད་མ་རིག་པའི་སྐོར་སྤྱི་དང༌། བྱེ་བྲག་རྒྱུ་འབྲས་ཆེ་ཆུང་སོགས་དང༌། ཨང་རྩིས་རྒྱ་ཁྱོན། ཚན་རིག་ལས་ནུས་ཤུགས་བཅས་ཀྱི་སྐོར་རྩོད་རྒྱུའི་ལས་རིམ་ལག་བསྟར་ཞུས།
- ཤེས་རིག་ལས་ཁུངས་གཙོ་གྱུར་གྱིས་རིགས་ལམ་དང་འབྲེལ་བའི་ལས་རིམ་སྤེལ་བའི་ནང་སློབ་སྡེ་སོ་སོ་ནས་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་གང་ཐོབ་ཞུས་ཡོད།
- འདི་ལོ་ཁྱིམ་སྡེ་ཁག་གི་ལས་འཆར་ལྟར་རྡ་སྟེང་བོད་ཁྱིམ་དུ་ཚེས་ ༢༣ ནས་ ༢༤ བཅས་ཀྱི་མཛད་རིམ་ནང་གསལ་ལྟར་རིགས་ལམ་རྩོད་འགྲན་ཞུ་ངེས་ཡིན།
༣། ཤེས་ཡོན་སློབ་ཁྲིད་ཀྱི་ནུས་པ་གོང་འཕེལ་ཡོང་ཐབས་ཀྱི་ལས་འགུལ།
- འདི་ལོའི་ནང་ཤེས་རིག་ལས་ཁུངས་དང་ཁྱིམ་སྡེ་བཅས་ནས་སློབ་ཚན་ཁག་སོ་སོའི་ཟབ་སྦྱོང་དང༌། གོ་བསྡུར་ལྷན་ཚོགས་ཀྱི་ལས་རིམ་མི་འདྲ་བ་ ༡༡ སྤེལ་བ་རྣམས་ལ་སྐབས་བསྟུན་འབྲེལ་ལས་རྣམས་ནས་གོ་སྐབས་ཞུས་ཡོད།
- སློབ་ཚན་སོ་སོའི་ཆེད་ལས་པ་རྣམས་པས་སློབ་སྡེ་སོ་སོར་ཆེད་བཅར་གྱིས་མྱོང་འཚོར་སྤེལ་རེས། དཔྱད་ཞིབ་ལམ་སྟོན་དང༌། སླར་ཞིབ་སོགས་ཞུ་སྒོའི་རིགས་འཐུས་གཙང་ཞུ་ཐུབ་པ་བྱུང་ཡོད།
- ལོ་འདིའི་ནང་དམིགས་བསལ་ནུས་འདོན་ཞུ་རྒྱུའི་ལས་འཆར་འགྲོ་མུས་སུ་ཡོད་པ།
ཀ ལོ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུར་ངེས་པ་བཞིན་ཁྱིམ་སློབ་ཚང་མའི་ནང་མཛད་རིམ་སྣ་ཚོགས་ཤིག་སྤེལ་མུས།
ཁ། གཞི་རིམ་འོག་མའི་བོད་ཡིག་དང་འབྲེལ་བའི་གནས་ཚད་ཡར་རྒྱས་གོང་འཕེལ་གཏོང་རྒྱུ།
ག གཞི་རིམ་བར་མའི་ཨིན་ཇིའི་སྐད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ།
ང༌། གཞི་རིམ་གོང་མ་དང༌། བར་མའི་ནང་སློབ་ཕྲུག་གི་གཞི་རྩའི་ནང་ཆོས་ཀྱི་གོ་རྟོགས་ ཀྱི་ནུས་པ་གོང་འཕེལ་གཏོང་ཐབས་སུ་དམིགས་པའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་མུས།
༤། སྒྲིག་སྲུང་སྐོར།
སློབ་མ་ཚོའི་ཕྱི་ནང་གི་འཚར་ལོངས་གོང་འཕེལ་ལོ་རེ་བཞིན་འགྲོ་བ་དང༌། ཆབས་ཅིག་སྒོ་གསུམ་གྱི་སྤྱོད་ཚུལ་དེ་ཡང་བཟང་པོའི་མིག་དཔེ་འོས་པ་ཞིག་འཚར་ལོངས་ཐུབ་པ་བྱ་རྒྱུ་དེ་བཞིན་ང་ཚོའི་སྐབས་སུ་བབ་པའི་ལས་འགན་གཙོ་གྲས་ཤིག་ཡིན་པ་དེ་ཡང༌། བུ་ཕྲུག་ཚོའི་ལུས་སེམས་ཀྱི་བདེ་སྐྱིད་ལ་དོ་ཕོག་དང༌། འཚེ་བ་མེད་པའི་སྒོ་ནས་སྐྱོངས་དགོས་པའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལས་བྱེད་ཚོར། བུ་ཕྲུག་རྣམས་ལ་བརྩེ་བས་མ་ཕོངས་པ་ཞིག་དགོས་གལ་ཆེ་བའི་ལམ་སྟོན་ཕེབས་མྱོང་ཡོད་པའི་དགོངས་གཞི་དང༌། དེ་བཞིན་ཉེས་བརྡུང་རྩུབ་བཅོས་སོགས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་དང༌། ས་གནས་སྲིད་གཞུང་གི་ལག་བསྟར་འགྲོ་བཞིན་པའི་སྒྲིག་ཁྲིམས། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་དྲུག་པའི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང་དགོས་པ་ཇི་བཞིན་ཞུ་རྒྱུ་ལས་གཞན་ཐབས་མ་མཆིས་སྟབས། དེ་འབྲེལ་གྱི་ཐབས་བྱུས་བཀོད་སྒྲིག་ཞུ་བཞིན་པའི་ནང་ནས་བུ་ཕྲུག་ཚོས་སྤང་བླང་དགོས་པའི་ལམ་སྟོན་སྒྲིག་གཞི་དོན་ཚན་ ༡༡ དང༌། སྒྲིག་གཞི་ལམ་སྟོན་ཆེ་ཁག་དོན་ཚན་བཞི་བཅས་ལག་བསྟར་འགྲོ་བཞིན་ཡོད། དེ་བཞིན་སློབ་གྲྭ་སོ་སོའི་མཛད་འཆར་ལོ་ཐོའི་ནང་བཀོད་ནས་འགྲེམས་སྤེལ་ཞུ་བཞིན་ཡོད།
བར་ལམ་སྤྱི་ཚོགས་དང༌། ཁྱིམ་སློབ་ཁག་ནང་ངན་གོམས་འདི་རིགས་རྩ་བ་ནས་མེད་པ་ཞིག་བཟོ་རྒྱུར་དམིགས་ཏེ་སློབ་སྡེ་སོ་སོའི་འགན་འཛིན་རྣམ་པ་དང༌། མང་གཙོའི་ལམ་ལུགས་ལྟར་འདེམས་ཐོན་བྱུང་བའི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་རྣམ་པས་ངེས་མེད་ཞིབ་འཇུག་ཞུ་ལམ་ལྟར། འདི་ལོ་ཕྱི་ཟླ་ ༨།༩ པའི་ནང་དཔྱད་ཞིབ་གནང་བ་ཕྱོགས་བསྡོམས་ཞུས་པར། མྱོས་རྫས་ཉལ་ཐག་གི་རིགས་བེད་སྤྱོད་བྱས་རིགས་མེད་ཀྱང༌།
ཁེ་ནི་ལོངས་སུ་སྤྱད་པ་གྲངས། | ༤ |
དཀར་སུབ་རྔུབ་མཁན་གྲངས། | ༧ |
བཅས་ཁྱོན་བསྡོམས་བུ་ཕྲུག ༡༡ བྱུང་འདུག་པ་རྣམས་ལ་ངན་གོམས་ཡོང་བའི་ནད་ལྟ་བུར་རྩིས་ཏེ་སློབ་གསོའི་ལས་རིམ་སྤེལ་ཆེད་ཉེན་བརྡ་དང་འབྲེལ་འགོག་ཐབས་ཇི་དགོས་ཁོངས་སོ་སོ་ནས་ལམ་སྟོན་ཞུ་མུས་སུ་ཡོད།
༥། ཁྱིམ་ཚང་ཕ་ཚབ་མ་ཚབ་རྣམས་ཀྱི་ནུས་སྟོབས་གོང་སྤེལ་ཆེད་ཟབ་སྦྱོང་ཕུལ་བ།
ཟླ་བ་ ༣ ནང་ཕ་མའི་ཆེད་ལས་གོང་སྤེལ་བྱ་ཕྱོགས་ལ་ལམ་སྟོན། སློབ་མའི་སེམས་ཚོར་དྲག་པོར་བསམ་ཤེས་དང་བྱམས་བརྩེས་སྲུང་སྐྱོབས། སྤྱི་ཚོགས་ཀྱི་འཕེལ་རིམ་ནང་མདུན་བསྐྱོད་ཀྱིས་ལམ་ནས་མཉམ་སྡེབ་བྱ་ཕྱོགས་ཀྱི་ཟབ་སྦྱོང་བོད་ཁྱིམ་སློབ་ཡོངས་ཀྱི་ཕ་ཚབ་མ་ཚབ་གྲངས་ ༡༨༩ ལ་ཉིན་བཞི་རེའི་ཟབ་སྦྱོང་ཕུལ་ཡོད།
Palampur University, Agricultural College, Department of Vegetable Science ཀྱི་ Professor Dr. Ak Shrama ནང་ཆེད་དུ་གདན་ཞུས་ཀྱིས་ཀང་ར་རྫོང་ཁོངས་སུ་ཡོད་པའི་བོད་ཁྱིམ་སློབ་ཁག་གི་ཕ་ཚབ་མ་ཚབ་གྲངས་ ༡༡༣ ལ་འཕྲོད་བསྟེན་དང་རྒྱུན་གྲོན་གཉིས་ཕན་ཆེད་རྫས་སྦྱོར་མེད་པའི་ཚལ་དང་ཤིང་འབྲས་འདེབས་ལས་ཐོག་ཟབ་སྦྱོང་ཕུལ་ཡོད།
ཟླ་བ་ ༥ ནང་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་དང་ལྷག་དོན་དུ་བུ་མོར་ཆགས་སྤྱོད་ཀྱི་གསུན་བརྩེར་དང་བཙན་གཡེམ་སོགས་གདོང་ལེན་བྱ་ཕྱོགས་ལ་ཁྲིམས་མཐུན་གྱི་རྒྱུད་ལམ་རྣམས་སློབ་ཁག་གི་ཕ་ཚབ་མ་ཚབ་དང་མ་བྱན་བཅས་མི་གྲངས་ ༢༤༠ ལ་ཉིན་གཉིས་ རེའི་ལམ་སྟོན་ཟབ་སྦྱོང་ཕུལ་ཡོད།
༦། འཕྲོད་བསྟེན་སྐོར།
མིའི་རྣམ་དཔྱོད་ཡོད་པ་ཇི་བཞིན་འཛམ་གླིང་འདིའི་ནང་ཕན་བདེའི་ཞབས་འདེགས་འགྲུབ་མིན་སོགས་ལུས་ཁམས་བདེ་མིན་ལ་གཏོད་ཆེ་བའི་གནས་སྟངས་ཤིག་ཡིན་པ་མངོན་གསལ་དང༌། བུ་ཕྲུག་ཚོའི་བདེ་དོན་དང་འབྲེལ་བའི་ཞུ་བྱའི་ནང་གསེས་གལ་འགངས་ཆེ་ཤོས་ཤིག་འཕྲོད་བསྟེན་གྱི་ཞུ་སྒོ་སྤྱི་དང༌། ལྷག་པར་བུ་ཕྲུག་ཚོའི་སེམས་རྒྱུད་ལ་དོ་སྣང་འཇགས་ཐབས་ཞུ་རྒྱུ་དེ་བཞིན་གལ་ཆེར་རྩིས་ཏེ་ལས་འགུལ་ལག་བསྟར་འགྲོ་བཞིན་པའི་ནང་ནས་དཔེ་མཚོན་དུ་སྙན་སེང་ཞུ་རྒྱུར།
བུ་ཕྲུག་ཡོངས་ལ་དཔྱད་ཞིབ། བོད་ཁྱིམ་སློབ་སྡེ་ཚང་མའི་ནང་ལོ་འཁོར་གཅིག་གི་ནང་གཟུགས་སྤྱིར་བརྟག་དཔྱད་ཐེངས་རེ་བྱས་ཏེ་དེ་ནས་དོགས་གཞི་ཡོད་པ་རྣམས་ལ་སླར་ཡང་དཔྱད་ཞིབ་དང༌། དེ་འབྲེལ་གྱི་སྨན་པར་བསྟེན་ནས་སྨན་བཅོས་ཀྱི་ཞུ་སྒོ་ཇི་མཆིས་ཞུ་བཞིན་ཡོད།
ཁྱིམ་སློབ་ཁག་གི་ནང་གློ་ནད་སྨན་བཅོས་འགྲོ་བཞིན་པའི་བུ་ཕྲུག་གྲངས་ ༢༦ ཡོད་པ་དེའི་ནང་འགོད་ནད་ཅན་གྱི་ནད་པ་གཅིག་ཀྱང་མེད།
སྔོན་འགོག བུ་ཕྲུག་ཚོར་ནད་རིགས་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་སོགས་ཐབས་ལམ་ཇི་མཆིས་ལོ་རེ་བཞིན་ལག་བསྟར་ཞུ་བཞིན་ཡོད།
འཕྲོད་བསྟེན་ལས་ཁུངས་ནས་གློ་ནད་གཙོ་གྱུར་གྱིས་འཕྲོད་བསྟེན་ཐོག་དཔྱད་ཞིབ་ལས་འཆར་སྤེལ་གནང་མཛད་ཁོངས་སུ། ཁྱིམ་སློབ་ཁག་ལའང་གོ་སྐབས་གཅིག་གྱུར་གནང་ སྟེ་ཕན་རླབས་ཆེན་པོ་བྱུང་ཡོད།
༧། མཐོ་རིམ་སློབ་གཉེར་བའི་གནས་སྟངས།
སྤྱི་ཁྱབ་སློབ་ཡོན་སྡེ་ཚན་གྱི་ཁོངས་ནས་སློབ་ཡོན་དང་འབྲེལ་བའི་སྡེ་ཚན་ཁག་གི་འབྲེལ་མཐུད་འོག་ཕྱི་ལོ་ ༢༠༡༤ ལོའི་ནང་སློབ་གཉེར་བྱེད་བཞིན་པའི་གནས་སྟངས་ནི།
༡། | བོད་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་གཉེར་བ། | ༡༤༣ |
༢། | ཉེ་བའི་གཙུག་ལག་རབ་འབྱམས་པ། | |
ཀ འབྱུང་རིག་སློབ་གཉེར་བ། | ༣༥༣ | |
ཁ། ཚོང་རྩིས་སློབ་གཉེར་བ། | ༡༨༡ | |
ག ཚན་རིག་སློབ་གཉེར་བ། | ༡༡༥ | |
༣། | གཙུག་ལག་རབ་འབྱམས་པ། | |
ཀ འབྱུང་རིག་སློབ་གཉེར་བ། | ༥༣ | |
ཁ། ཚོང་རྩིས་སློབ་གཉེར་བ། | ༥༢ | |
ག ཚན་རིག་སློབ་གཉེར་བ། | ༣༡ | |
༤། | འབུམ་རམས་པ། | ༡༣ |
༥། | ཆེད་ལས་སློབ་གཉེར་བ། | ༡༨༦ |
༦། | འཕྲོད་ལས་སློབ་སྦྱོང་ཁག་ནང༌། | ༤༡༣ |
༧། | ཤེས་ཡོན་སློབ་ཚན་ཁག་ནང་སློབ་གཉེར་བ། | ༡༡ |
༨། | ལས་རིགས་སློབ་སྦྱོང་ཁག་ནང་སློབ་གཉེར་བ། | ༣༢༥ |
བསྡོམས། | ༡༨༧༦ |
སྤྱི་ཚོགས་ཀྱི་མིའི་ནུས་ཤུགས་གོང་འཕེལ་ཡོང་རྒྱུར་དམིགས་ཏེ་མཐོ་རིམ་ཤེས་ཡོན་དང༌། དེ་བཞིན་ལས་རིགས་སྦྱོང་བརྡར་ལ་མོས་ནུས་ཡོད་པའི་སློབ་མ་གང་མང་ལ་གོ་སྐབས་ཐོབ་ཐབས་ཞུས་ཏེ་མཐར་རིགས་གཅིག་རྐང་འཛིན་ཅན་གྱི་མི་ཅ་སྐྲུན་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་སྟབས། སློབ་མའི་གྲངས་འབོར་ལོ་ལྟར་འཕར་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། ༢༠༡༣། ༢༠༡༤ ལོའི་ནང་མཐོ་རིམ་སློབ་ཡོན་དང་འབྲེལ་བའི་འགྲོ་གྲོན་ཧིན་སྒོར་ ༡༠༣༧༡༣༨༢༡་༠༦ སོང་ཡོད།
༨། འཛུགས་སྐྲུན་དང་འབྲེལ་བའི་ལས་གཞི།
བར་ལམ་བོད་ནས་གཉེན་འཕྲད་དུ་ཡོང་མཁན་དང༌། ལྷག་པར་ཤེས་ཡོན་སློབ་སྦྱོང་ཆེད་ཡོང་རྒྱུར་རྒྱ་ནག་གཞུང་ནས་དམ་བསྒྲགས་ཤུགས་ཆེ་བྱུང་དབང་གིས་བོད་ནས་ཡོང་མཁན་དེ་ཙམ་མེད་སྟབས། ཁྱིམ་སློབ་རྒྱ་སྐྱེད་ཞུ་རྒྱུའི་དམིགས་བསལ་ལས་འཆར་མེད་ཀྱང༌། ཡོད་པ་རྣམས་ཕྱོགས་གང་ཆ་ནས་སྤུས་ཚད་ལྡན་ཐབས་དང་ཚགས་ཚུད་ཡོང་རྒྱུར་འབད་འབུངས་ཞུ་བཞིན་ཡོད།
༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་བཞིན་ཁྱིམ་སྡེའི་ལས་འཆར་གཞི་རྒྱ་དང་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཨར་ལས་འཛུགས་སྐྲུན་དང༌། དཔལ་ འབྱོར་འདུ་འགོད་སོགས་ཀྱི་གཟིགས་སྐྱོང་བཀའ་ཟུར་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ཐུགས་འགན་གཙོ་བཞེས་ཀྱིས་བཀའ་དྲིན་བསྐྱངས་མུས་ཡིན། ལས་འཆར་འདིའི་དགོས་དམིགས་ལྟར། བོད་མི་རིགས་ཀྱི་རིག་གཞུང་མུ་མཐུད་སྦྱང་མོས་ཅན་ཚང་མར་གོ་སྐབས་ཐོབ་ཐབས་ཞུ་རྒྱུ་ཡིན།
༩། ༢༠༡༣།༢༠༡༤ ལོའི་བྱུང་སོང་གི་གནས་སྟངས།
བྱུང༌། | ||
བསྡོམས། | ༥༧༥༩༠༢༧༥༡་༨༩ | |
སོང་ཁག | ||
ཀ༽ རྒྱུན་གྲོན་ཐོག | ༤༩༩༠༦༦༩༤༨་༤༢ | |
ཁ༽ འཆར་གཞིའི་ཐོག | ༡༠༥༡༨༢༤༨༣་༨༤ | |
བསྡོམས། | ༦༠༤༢༤༦༦༨༠་༣༧ |
༡༠། བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ།
དེ་རིང་གི་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་དང༌། བཀའ་དྲིན་རྗེས་དྲན་ཞུ་དགོས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་བོད་ཁྱིམ་དབུ་འཛུགས་དགོས་གལ་གྱི་ལམ་སྟོན་དང༌། དེ་བཞིན་ལས་སློབ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་བླང་དོར་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད་པ་སོགས་བྱིན་གྱིས་རླབས་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན། ཁྱིམ་སྡེ་ཚོགས་པའི་ལས་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་བསྟན་དང་འགྲོ་བའི་སླད་དུ་ཞབས་པད་སྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུ་རྒྱུ་ཡིན།
སྐུའི་གཅེན་མོ་ཞིང་གཤེགས་དམ་པ་དེ་ཉིད་དང༌། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་དབུ་སྐྱོང་བླ་མེད་གནང་བའི་འོག་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་ལས་བྱེད་འདས་གསོན་རྣམས་ནས་བོད་མི་རིགས་ཀྱི་ས་བོན་དུ་གྱུར་པའི་ན་གཞོན་རྣམས་ཀྱི་ཕྱི་ནང་འཚར་ལོངས་དོན་ལྡན་ཞིག་ཡོང་ཕྱིར་ཞབས་ཞུ་གནང་མཁན་ཡོངས། རྒྱ་གར་དབུས་སའི་གཞུང་དང༌། ཕྱི་ནང་གི་སྤྱི་སྒེར་འབྲེལ་ཆགས་ཡོངས་ནས་མུ་མཐུད་མཐུན་འགྱུར་ཇི་དགོས་གནང་བར་བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་རྗེས་དྲན་ཞུ་བ་དང་འབྲེལ་བཅོས་མིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་ངོས་ནས་ཀྱང་ཞུ་བའི་ལས་དོན་ཐོག་ལྷག་བློ་གཡོ་མེད་ཀྱི་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན། མཐའ་དོན་གཞིས་བྱེས་གཉིས་ཀྱི་འདི་ཕྱིའི་མགོན་སྐྱབས་༸གོང་ས་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་དང༌། གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།། བཀྲིས་བདེ་ལེགས།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་འདྲེན་བཀོད་ཞུས།