Post Views: 855
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༣ ཚེས་ ༢༡ ནས་ ༢༦ བར་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་སློབ་གྲྭ་བཞིའི་དགེ་རྒན་རྣམས་ལ་འཛིན་གྲྭའི་ནང་སློབ་ཕྲུག་ཕོ་མོའི་ཁམས་དང་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཕྱོགས་སྐོར་དྲ་ཐོག་ཟབ་ཁྲིད་གོ་སྒྲིག་གནང་བཞིན་ཡོད།
དེ་ཡང་དྲ་ཐོག་ཟབ་ཁྲིད་ཐོག་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་དགེ་རྒན་ཉི་ཤུ་ལ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ཤེས་ཡོན་ཆེད་ལས་པ་སྐལ་བཟང་དབང་འདུས་ལགས། བོད་ཀྱི་ཐེབས་རྩའི་ཤེས་ཡོན་ལས་གཞིའི་འབྲེལ་མཐུད་པ་འཇམ་དབྱངས་རྒྱལ་མཚན་ལགས་བཅས་ཀྱིས་སློབ་སྟོན་གསུང་བཤད་གནང་ཡོད་པ་རེད།
དྲ་ཐོག་ཟབ་ཁྲིད་འདི་བརྒྱུད་དགེ་རྒན་རྣམས་ནས་འཛིན་གྲྭའི་ནང་སློབ་ཕྲུག་གི་ཁམས་དང་མོས་པ་འདྲ་མིན་ཡོད་པ་ལྟར་སློབ་ཁྲིད་ཐབས་ལམ་ཡང་སྣ་ཚོགས་བཀོལ་སྤྱོད་གནང་རྒྱུའི་གལ་གནད་རྟོགས་རྒྱུ་དང་། སློབ་ཕྲུག་ཕོ་མོའི་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཐབས། སློབ་ཚན་འཆར་འགོད། སློབ་མའི་ཤེས་ཚད་ཞིབ་དཔྱོད་གནང་ཐབས་མཁྱེན་རྟོགས་སྔར་ལྷག་ཡོང་བར་དམིགས་ཚད་བཟུང་ཡོད། སློབ་སྟོན་པ་རྣམས་ཀྱིས་མཉམ་ཞུགས་པ་རྣམས་ལ་སྔོན་འགྲོའི་ལྟ་གཞི་རྩོམ་ཡིག་དང་མཉམ་ལས་ཀྱི་ལས་གཞི་སྤྲད་དེ་སྲོལ་རྒྱུན་ལྟར་མ་ཡིན་པར་འཛིན་གྲྭའི་སློབ་ཁྲིད་ཐབས་ལམ་(flipped classroom strategy) ལག་བསྟར་གནང་ཐོག་མཉམ་ཞུགས་པ་རྣམས་ཀྱིས་ལས་རྩོལ་དང་རུ་ཁག་ནང་ཁུལ་བགྲོ་གླེང་གནང་ཞིང་། དེ་རྗེས་སློབ་ཐུན་སྐབས་སློབ་བསྐྱེད་གང་ཐོབ་ཀྱི་མྱོང་ཚོར་གསུངས་པ་དང་སྦྲགས། དྲི་བ་དང་བསམ་འཆར་ཕུལ་བ་ཁག་ལ་སློབ་སྟོན་པ་རྣམས་ཀྱིས་ལན་འདེབས་གནང་ཡོད། མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ལ་དྲ་ཐོག་ཟབ་ཁྲིད་བརྒྱུད་སློབ་བསྐྱེད་གང་ཐོབ་པ་རྣམས་སློབ་གྲྭ་སོ་སོའི་ནང་དུ་དགེ་རྒན་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་འགུལ་སྐབས་དགེ་རྒན་གཞན་རྣམས་ལའང་སློབ་སྟོན་གནང་དགོས་པ་མ་ཚད། ཐབས་ལམ་འགའ་ཤས་དགེ་རྒན་སོ་སོས་འཛིན་གྲྭའི་ནང་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད། རིམ་བཞིན་ཏོག་དབྱིབས་གཉན་རིམས་གནས་སྟངས་ཇེ་བཟང་དུ་འགྲོ་བཞིན་ཡོད་སྟབས། སློབ་སྟོན་པ་རྣམས་ལོ་འདིའི་ནང་མཉམ་ཞུགས་པ་སོ་སོའི་སློབ་གྲྭར་མཇུག་སྐྱོང་རོགས་ཕན་ཆེད་ཕེབས་འཆར་འདུག
དྲ་ཐོག་ཟབ་ཁྲིད་དེ་བཞིན་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ཞེས་པས་འགྲོ་གྲོན་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།