ཟླ་རེའི་གསར་འགྱུར།

མེས་དབོན་གཙུག་ལག་གློབ་གྲྭའི་སློབ་དགེ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལག་བསྟར་ཟབ་སྦྱོང་གནང་བ།


༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༨ དང་ ༢༩ ཉིན་རྡ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་དགེ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལག་བསྟར་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༢༩ ཉིན་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༢༩ ཉིན་གུང་ཆུ་ཚོད་ ༡༢ ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཟབ་འཁྲིད་པ་རྣམས་ལ་མཇལ་དར་གནང་བ་དང་སྦྲགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭས་ཟབ་སྦྱོང་དེ་གོ་སྒྲིག་གནང་བར་བསྔགས་བརྗོད་དང་། དེ་བཞིན་ཟབ་འཁྲིད་པ་རྣམས་ནས་ཀྱང་ཕྱིའི་ཆེད་ལས་པ་མ་ཡིན་པ་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་འགན་འཁུར་ཏེ་ཟབ་འཁྲིད་གནང་བར་བསྔགས་བརྗོད་གནང་བ་མ་ཟད། མ་འོངས་པར་མུ་མཐུད་དེ་ལྟ་བུའི་ཟབ་སྦྱོང་གོ་སྒྲིག་གནང་དགོས་པའི་འབོད་སྐུལ་གནང་སོང་།

དེ་མཚུངས་ཁོང་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྦྱོང་བརྡར་དེ་གལ་གནད་ཆེན་པོ་ཡིན་ཚུལ་ངོ་སྤྲོད་གནང་སྟེ། དགེ་རྒན་རྣམས་ཀྱིས་དེ་དག་ངེས་ཤེས་སྐྱེད་དེ་ཁ་ཡོད་ལག་ཡོད་ཀྱི་སློབ་སྦྱོང་དང་། བཟང་སྤྱོད་རྣམས་འཛིན་གྲྭའི་ནང་དུ་ལག་བསྟར་གནང་དགོས་པ་ཆེན་པོ་ཡིན་བཅས་ནན་བརྗོད་གནང་ཡོད། དེ་དང་འབྲེལ་སློབ་ཕྲུག་ཞིག་གི་མི་ཚེ་ནང་དགེ་རྒན་གྱི་ལས་འགན་གལ་ཆེན་པོ་ཡོད་པ་དང་། དགེ་རྒན་རྣམས་ནས་ཀྱང་བྱམས་སྙིང་རྗེ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་སློབ་འཁྲིད་དང་ལམ་སྟོན་གནང་དགོས་པའི་སྐོར་གསུངས།

དེ་རྗེས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་དགེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཁོར་ཡུག་གསར་བསྐྲུན་ཆེད་མཐུན་གྱུར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས། དེ་བཞིན་ཟབ་སྦྱོང་དེར་མཉམ་ཞུགས་གནང་མཁན་སློབ་དགེ་ ༤༥ རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་འབྲེལ། ཁོང་རྣམས་ནས་ཕྱག་ལས་ཧུར་ཐག་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།

ཟབ་སྦྱོང་རིང་ཟབ་འཁྲིད་པ་རྣམས་ནི་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་རྒན་བསྟན་འཛིན་ཆོས་སྒྲོན་ལགས་། ཟླ་བ་ཚེ་རིང་ལགས། པ་སངས་ལགས། བསྟན་འཛིན་ནོར་བུ་ལགས་བཅས་ཡིན། །

སྔོན་མ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་དྲྭ་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ།
ཕྱི་མ།
མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་དགུ་པ་བསྐོང་ཚོགས་གནང་བ།