༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༦ ནས་ ༢༨ བར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ངོས་ནས་འཛིན་གྲྭ་གསུམ་པ་དང་ལྔ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་འཚོགས་ཤིང་། འདི་ནི་བོད་ཕྲུག་ཁྱིམ་སྡེ་དང་ཤེས་རིག་ལས་ཁུངས་གཉིས་ནས་གོ་བསྡུར་གྱིས་དམའ་རིམ་ནས་བཟུང་སློབ་དེབ་ཡོངས་རྫོགས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱིས་རྩོམ་སྒྲིག་དང་། བསྐྱར་ཞིབ། གཏན་འབེབས་བཅས་བྱ་གཏན་འཁེལ་རྗེས་ཀྱི་གོམ་སྟབས་དང་པོ་དེ་ཆགས་ཡོད།
ཐེངས་འདིའི་བསྐྱར་ཞིབ་དང་གཏན་འབེབས་ཀྱི་བརྒྱུད་རིམ་ཁྲོད། སློབ་དེབ་དེ་དག་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཏན་འབེབས་བྱས་པའི་བསླབ་གཞིའི་རྩ་འཛིན་ལ་མཐུན་མིན་དང་། དེ་བཞིན་ཤེས་ཡོན་སྤྲོད་པའི་མཐར་ཐུག་གི་དམིགས་ཡུལ་“རང་དབང་”དང་། “གཞན་ཕན།” “རྒྱུན་འཛིན།” “གསར་གཏོད་” བཅས་ཀྱི་ནང་དོན་དང་རྣམ་པ་ལྡན་མིན། སྐད་ཡིག་གི་ཆ་ནས་ཐ་སྙད་དང་བརྗོད་པ་རྣམས་བྱིས་པའི་ལོ་ན་དང་འཚར་ལོངས་ཀྱི་ཚད་ལ་འཚམས་པོ་ཡོད་མེད། ཇུས་འགོད་བྱེད་སྟངས་ཀྱི་ཆ་ནས་སློབ་ཚན་གྱི་ནང་དོན་དང་མཐུན་པའི་ཚད་གཞི་དང་བྱིས་པར་སྦྱང་འདོད་ཀྱི་སྤྲོ་བ་བསྐྱེད་པའི་ཚད་གཞི་སོགས་ཀྱི་གནད་དོན་གཙོ་བོར་བཟུང་སྟེ། གྲོས་བསྡུར་གྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས་ཡོད་ཅིང་། སློབ་དེབ་ཀྱི་ཟུར་སྦྱར་དུ་དགེ་རྒན་རྣམ་པས་སློབ་ཁྲིད་གནང་སྐབས་ཐུགས་སྣང་གནང་དགོས་པའི་གནད་དོན་གལ་ཆེའི་ཐད་གསལ་འདེབས་དང་ལམ་སྟོན་བྱས་ཡོད།
སློབ་དེབ་འདི་དག་ཕྱི་ལོ་ ༢༠༡༦ ལོ་ནས་སློབ་ཁྲིད་ལག་བསྟར་བྱ་གཏན་འཁེལ་ཡོད།