ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་དམིགས་བསལ་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༧ ཉིན་༸སྐུའི་གོ་སྟོན་སྲུང་བརྩི་སླད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་དམིགས་བསལ་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་དབུ་འབྱེད་གནང་ཞིང་། སྐབས་དེར་ཡང་སྟེང་རིན་པོ་ཆེ་མཆོག་དང་། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་གཙོས་པའི་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་སློབ་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་འཇམ་དབྱངས་དབང་རྒྱལ་ལགས། དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་སྡེ་ཚན། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད། མི་མང་བཅས་ཕེབས་ཡོད།

དེ་རྗེས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་འགྲེམས་སྟོན་འདི་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་དང་དགོས་པ་སྐོར་གསུང་བཤད་གནང་། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དང་འབྲེལ་བའི་དཔེ་བསྐྲུན་ཞུས་པའི་དཔེ་དེབ་གྲངས་ལྔ་དབུ་འབྱེད་གནང་ཡོད་པ་དང་། སྤྱ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསླབ་བྱ་ཞེས་པའི་བྱིས་པའི་མགུལ་བརྙན་གྱི་ལེ་ཚན་དང་པོ་སྲོག་བསྐྱབས་པ་ཞེས་པ་དབུ་འབྱེད་གནང་། དེ་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ལས་འགུལ་དེར་བསྔགས་བརྗོད་གནང་ཞིང་། འགྲེམས་སྟོན་འདིས་བཙན་བྱོལ་དུ་བོད་པའི་ཤེས་ཡོན་གྱི་བརྒྱུད་རིམ་མཚོན་ཐུབ་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་ཐོག་ནས་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཕུགས་རྒྱང་རིང་པོའི་དགོངས་གཞི་ལ་ཆེ་བསྟོད་ཅིག་ཡིན་པ་གསུངས།

མཐར་ཤེས་རོག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ་ཡོད།

ཤེས་རིག་གི་འགྲེམས་སྟོན་དེར་བཙན་བྱོལ་དུ་བོད་པའི་སློབ་གྲྭའི་སྒྲོམ་གཞི་དང་ཡར་རྒྱས་ཀྱི་འཕེལ་རིམ་གྱི་འདྲ་པར་འགྲེམས་སྟོན་དང་། སློབ་ཕྲུག་རྣམས་ཀྱི་ཚན་རིག་འགྲེམས་སྟོན། དེ་བཞིན་ཤེས་རིག་ལས་ཁུངས་ཀྱིས་འགྲེམས་སྤེལ་གནང་བའི་དཔེ་དེབ་ཁག་འགྲེམས་སྟོན་གནང་ཡོད། དེ་མ་ཟད་ཤེས་རིག་ལས་ཁུངས་ཀྱི་རིན་མེད་ཤེས་ཡོན་གྱི་དཔེ་དེབ་དང་དཔེ་རིས་ཁག་མང་ཚོགས་ལ་བགོ་འགྲེམས་གནང་ཡོད།


སྔོན་མ།
བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་དུ་ཐེངས་གསུམ་པའི་དབྱར་དུས་བོད་ཀྱི་ཟློས་གར་སློབ་འཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།