
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༩ ཚེས་ ༣༠ ནས་ཟླ་བ་ ༡༠ ཚེས་ ༠༡ བར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་དང་བསྟུན་ནས་བྱམས་བརྩེའི་ཕྱོགས་ལ་འཕོ་འགྱུར་ཞེས་པའི་ལས་རིམ་ཞིག་སྤེལ་ཡོད། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ཁག་ ༢༥ ནས་མཉམ་ཞུགས་གནང་ཡོད་པ་དང་། ཟླ་བ་ ༡༠ ཚེས་ ༠༣ ཉིན་ཨེཊ་ལེན་ཊར་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་དགོན་དུ་ཨེ་མོ་རི་བོད་ཀྱི་གཟའ་འཁོར་གྱི་མཇུག་བསྡོམས་ལེ་ཚན་ཚོགས་ཏེ་མཇུག་བསྒྲིལ་ཡོད།

དེ་ཡང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ་ནི། ཨེ་མོ་རིའི་ཚན་རིག་དང་བྱམས་སྙིང་རྗེ་ལ་གཞིར་བཞག་པའི་བཟང་སྤྱོད་དེ་བྱམས་སྙིང་རྗེའི་ཚན་རིག་དང་ལྟ་གྲུབ་སློབ་ཁྲིད་དང་། ཞིབ་འཇུག ཉམས་ལེན་བཅས་མཉམ་བསྡུས་ཀྱི་ལས་དོན་གསལ་སྟོན་གནང་གི་ཡོད། བསྟི་གནས་ཁང་དེ་བཞིན་ཕྱི་ལོ་ ༡༩༩༨ ལོར་དབུ་འཛུགས་གནང་བ་ནས་བཟུང་ལས་རིམ་གཙོ་བོ་གསུམ་གྱི་ཐོག་ནས་ཚན་རིག་དང་བསམ་བཏན་གྱི་ཤེས་རབ་མཉམ་དུ་སྒྲིལ་ཏེ་བྱམས་སྙིང་རྗེ་དང་ལྡན་པའི་འཇིག་རྟེན་ཞིག་གཅེས་ཉར་མུ་མཐུད་བྱེད་བཞིན་ཡོད། ལས་རིམ་དེ་དག་ནི་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་གཞི་ (Emory-Tibet Science Initiative) དང་། རྟོག་པ་ལ་གཞི་བཅོལ་བའི་སྙིང་རྗེའི་སྦྱོང་བརྡར་ (Cognitively-Based Compassion Training) སཱི་ཤེས་ཡོན་བཅས་ཡིན།
ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྙིང་རྗེའི་འཕོ་འགྱུར་ཚོགས་ཆུང་གི་འཐུས་མི་ལྕམ་ཧན་ནཱ་སི་མི་ཐི་ལགས་ཀྱིས་དབུ་འབྱེད་མཛད་སྒོ་གཙོ་སྐྱོང་གནང་ཞིང་། བསྟི་གནས་ཁང་གི་འགན་འཛིན་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབར་གྱི་ལོ་ངོ་བཅུ་ཕྲག་གསུམ་ལྷག་རིང་གི་མཉམ་ལས་སྐོར་གསལ་སྟོན་གྱིས་དབུ་འབྱེད་གསུང་བཤད་གནང་ཡོད།

དེ་རྗེས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་ནས་མཛད་སྒོ་དང་འབྲེལ་བའི་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་གྲུབ་མཚམས་གསུང་བཤད་གནང་ཡོད། གཞན་ཡང་སྐབས་དེར་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་སྦར་སྦ་ར་ཀོ་རོ་ཐ་མར་ལགས་དང་། སློབ་སྤྱི་ཨེ་མི་རི་ཊ་སི་རོ་སྦཊ་པཽལ་ལགས། འབུམ་རམས་པ་གྷེ་རི་ཧོག་ལགས་བཅས་ཀྱིས་གསུང་བཤད་གནང་།
དེ་ཡང་སློབ་སྤྱི་ཀོ་རོ་ཐོ་མར་ལགས་ཀྱིས་ང་ཚོས་བྱམས་བརྩེའི་ལོ་ཞེས་འགོ་འཛུགས་བྱེད་བཞིན་པའི་སྐབས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ས་མཚམས་ལས་འདས་ཤིང་འཛམ་གླིང་གི་སྤྱི་ཚོགས་མཐུད་པའི་བྱམས་བརྩེའི་ལས་རིམ་དེར་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོ་ཚང་མས་མཉམ་རུབ་ཐོག་དྲང་བདེན་དང་། བྱམས་སྙིང་རྗེ་ལྡན་པའི་མ་འོངས་པ་ཞིག་གསར་སྐྲུན་བྱེད་པར་རོགས་རམ་བྱེད་ཐུབ། ཅེས་གསུངས།

ཉིན་བཞིའི་ལས་རིམ་དེར་བརྗོད་གཞི་མི་འདྲ་བ་མང་པོའི་སྐོར་མཁས་པ་ཁག་གིས་གསུང་བཤད་གནང་ཡོད། བརྗོད་གཞི་དེ་དག་ནི།
- ཞབས་ཞུ་དང་འགོ་ཁྲིད། འཇིག་རྟེན་ཡོངས་ཀྱི་འགྱུར་བ་བཅས་ཀྱི་སྐུལ་འདེད་རྒྱུ་མཚན་ལྟར་གྱི་སྙིང་རྗེ།
- བྱམས་བརྩེ་ནི་འགོ་ཁྲིད་ཀྱི་མ་འོངས་པ་ཡིན།
- ཚན་རིག་དང་ཆོས་ལུགས་གཉིས་མཐུད་སྦྱོར།
- ཨེ་མོ་རིར་སྙིང་རྗེ་དང་བདེ་ཐང་གི་སྤྱི་ཚོགས་འཛུགས་པ།
- སྨན་ལྟར་གྱི་བྱམས་བརྩེ། འཕྲོད་བསྟེན་དང་བདེ་ཐང་གི་ཚན་རིག་གསལ་སྟོན།
- སཱི་ཤེས་ཡོན་དང་རྟོག་པ་ལ་གཞི་བཅོལ་བའི་སྙིང་རྗེའི་སྦྱོང་བརྡར་གྱི་ཤུགས་རྐྱེན་སྐོར་གླེང་བ།
གསུང་བཤད་པའི་ཁྲོད་དུ་འབུམ་རམས་པ་སོན་ཇ་ལགས་དང་། འབུམ་རམས་པ་ཌེ་ནི་ཡལ་གྷོལ་མན་ལགས། འབུམ་རམས་པ་ཊིམ་ཀ་ནིག་ཧམ་ལགས། ཀིར་སྟི་པེབ་ཝཐ་ལགས། ཇེཕ་རོ་སན་ཝིག་ལགས། མཁན་ཟུར་དགེ་བཤེས་བློ་བཟང་བསམ་གཏན་ལགས། འབུམ་རམས་པ་ནི་ཀོལ་གྷེ་ར་ཌོ་ལགས། འབུམ་རམས་པ་རོ་སྦིན་ན་སི་ལོག་ལགས། འབུམ་རམས་པ་རོ་སྦཊ་རོ་སར་ལགས། འབུམ་རམས་པ་ཨར་ཐུར་སི་བུ་རུག་སི་ལགས། འབུམ་རམས་པ་ཇོན་ལི་སེ་ཀར་ལགས། འབུམ་རམས་པ་ལི་ས་མི་ལར་ལགས། མོ་རིན་ཤེལ་ཀྲོན་ལགས། ཨི་ལེན་མི་ལར་ལགས། རི་ཅཊ་གྷེར་ལགས། འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར་ལགས། འབུམ་རམས་པ་སྦི་རེན་ཌན་ཨོ་ཛ་བ་ཌི་སིལ་བ་ལགས། ཀྲི་མོ་ཐི་ཧེ་རི་སོན་ལགས་སོགས་ཕེབས་ཡོད།

ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་སཱི་ཤེས་ཡོན་གྱི་སྦྱར་ཡིག་འགྲེམས་སྟོན་ནང་མཉམ་ཞུགས་གནང་བ་དང་ཆབས་ཅིག ཨེ་མོ་རི་བོད་ཀྱི་གཟའ་འཁོར་ ༢༠༢༥ ཐོག་འཇིག་རྟེན་ཡོངས་ཀྱི་བྱམས་སྙིང་རྗེའི་རིག་གཞུང་གོང་འཕེལ་ཞེས་པའི་རྟོག་པ་ལ་གཞི་བཅོལ་བའི་སྙིང་རྗེའི་སྦྱོང་བརྡར་དང་སཱི་ཤེས་ཡོན་གྱི་གླེང་སྟེགས་ཐོག་མཉམ་ཞུགས་གནང་ཡོད། དེ་རྗེས་ཁོང་མོས་ཨེཊ་ལན་ཀྲ་དང་ཁེ་ལི་ཕོར་ནི་ཡར་རྟེན་གཞི་བྱས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་དང་ཕ་མ་ལྷན་མཇལ་འཕྲད་ཀྱིས་བཀའ་མོལ་གནང་ཡོད།
ཤེས་རིག་ལས་ཁུངས་ནས་ཨེཊ་ལེན་ཀྲར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་དགོན་པ་ནས་ལོ་གསུམ་གྱི་རིང་སཱི་ཤེས་ཡོན་གྱི་འབྲེལ་མཐུད་པའི་གླ་ཕོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་བཅས། །


