
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༩ ཚེས་ ༢༢ ནས་ ༢༦ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སེ་ལ་ཀུའི་བོད་ཁྱིམ་དུ་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་མ་རྣམས་ཀྱི་ཆེད་སློབ་ཕྲུག་འགོ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། ཟབ་སྦྱོང་དེར་སེ་ལ་ཀུའི་བོད་ཁྱིམ་དང་། སཾ་བྷོ་ཊ་ཧར་སྤ་པུར། རཱཇ་པུར་བོད་ཁྱིམ་སློབ་གྲྭ་བཅས་ནས་སློབ་མ་གྲངས་ ༡༧༨ མཉམ་ཞུགས་གནང་ཡོད།
ལས་རིམ་འདིའི་དམིགས་ཡུལ་ནི། སློབ་མ་རྣམས་ལ་འགོ་ཁྲིད་ཅེས་པ་གཞན་ལ་འགོ་ཁྲིད་རྒྱུ་ཙམ་མ་ཡིན་པར། དྲིས་རྩད་ཀྱི་ནུས་པ་དང་། འགན་ཁུར། སྤྱི་ཚོགས་ཀྱི་རིན་ཐང་བཅས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་གོ་རྟོགས་སྤེལ་རྒྱུ་དེ་ཡིན་པ་རེད། ཟབ་སྦྱོང་རིང་སློབ་ཕྲུག་ཚོར་རུ་ཁག་ཏུ་བགོས་ཏེ་གསར་གཏོད་དང་། ཞིང་ལས་དང་རྩི་ཤིང་ཕྲ་མོ། ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་། རྩེད་རིགས། ཁེ་ལས། རྩོམ་རིགས། རོལ་དབྱངས། སྒྱུ་རྩལ་བཟོ་རིག་བཅས་བརྗོད་གཞི་མི་འདྲ་བའི་ཐོག་ཞིབ་འཇུག་བྱས་ཏེ་འགོ་ཁྲིད་དང་། འཛིན་སྐྱོང་། མཉམ་ལས་ཀྱི་གོ་སྐབས་སྐྲུན་ཡོད།

ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་སྤྱི་ཚུལ་ཁྲིམས་སྐལ་བཟང་ལགས་དང་། སློབ་གྲྭའི་དགེ་ཆེ་ཕེབས་ཏེ་སློབ་སྤྱི་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཟབ་སྦྱོང་འདིར་བསྔགས་བརྗོད་དང་སྦྲགས སློབ་མ་ཚོས་གང་ཐུབ་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་ཡོད། སྐབས་དེར་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་སྐུ་མགྲོན་དང་མཉམ་ཞུགས་པ་རྣམས་ལ་ཕེབས་བསུ་དང་འབྲེལ་ནས་ཟབ་སྦྱོང་འདིའི་དགོས་དམིགས་ངོ་སྤྲོད་གནང་།
ཉིན་དྲུག་གི་ཟབ་སྦྱོང་རིང་སློབ་མ་རྣམས་ཀྱིས་མཉམ་རུབ་དང་། གདེང་ཚོད། གསར་གཏོད་བཅས་འཕེལ་རྒྱས་གཏོང་ཆེད་ཕན་ཚུན་འབྲེལ་བ་དང་། ལག་ལེན་གྱི་བྱེད་སྒོ་རྣམས་ལ་མཉམ་ཞུགས་གནང་ཡོད། ལས་རིམ་རེ་རེའི་རྗེས་སུ་སློབ་གྲྭ་སོ་སོས་སློབ་མའི་དོ་དབྱིངས་གཞིར་བཟུང་སྡེ་ཚན་ཁག་ཏུ་བགོས་ཏེ་སློབ་མ་རྣམས་འགོ་ཁྲིད་པ་དང་། སློབ་སྟོན་པ་རྣམས་མཐུན་སྦྱོར་བ། དགེ་རྒན་རྣམས་ལམ་སྟོན་པ་བཅས་ཀྱི་འགན་འཁུར་གནང་རྒྱུ་ཡིན་པ་རེད།
ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་སཾ་བྷོ་ཊ་ཧར་སྤ་པུར་གྱི་སློབ་སྤྱི་བསོད་ནམས་དཔལ་སྐྱིད་ལགས་སྐུ་མགྲོན་གཙོ་བོ་དང་། ཆེ་བསྟོད་སྐུ་མགྲོན་དུ་རཱཇ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་བཅས་ཕེབས་ཡོད་ཅིང་། སློབ་སྤྱི་བསོད་ནམས་དཔལ་སྐྱིད་ལགས་ཀྱིས་འདི་ལྟ་བུའི་ལས་རིམ་གྱི་གལ་གནད་དང་འབྲེལ་སློབ་ཕྲུག་ཁྲོད་གདེང་ཚོད་དང་གསར་གཏོད་ཀྱི་ནུས་པ་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། གཞི་རྩའི་ཤེས་རིག་སྲིད་བྱུས་ (BEP) དང་། རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ (NEP) ཀྱི་ལག་རྩལ་ལ་གཞི་བཅོལ་བའི་སྦྱོང་བརྡར་དང་མཐུན་གྱི་ཡོད་པ་འགྲེལ་བརྗོད་གནང་།

མཐར་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་ཟབ་སྦྱོང་འདིའི་ཆེད་མཁས་པ་དང་། སེ་ལ་ཀུའི་སློབ་གྲྭ། དེ་བཞིན་མཉམ་ཞུགས་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
ཟབ་སྦྱོང་འདི་བཞིན་ (KAARMIC Education དང་ AdventureX) ཀྱི་འགན་འཛིན་ཨ་དྷིཏྱ་སུ་བྷ་ར་མ་ནི་ཡན་ལགས་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་མཐུན་སྦྱོར་གནང་ཡོད།
ལས་རིམ་འདི་ནི་ཁེ་ན་ཌ་རོགས་ཚོགས་ (GAC) ཀྱིས་མཐུན་འགྱུར་རོགས་རམ་གནང་བ་དང་། མོན་གྷོ་སཾ་བྷོ་ཊ་དང་། སྦེལ་ཀོབ་བོད་ཁྱིམ། གྷོ་པལ་པུར་བོད་ཁྱིམ། ལ་དྭགས་བོད་ཁྱིམ། མེའོ་སཾ་བྷོ་ཊ། མ་སུ་རི་སཾ་བྷོ་ཊ། མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་སུ་ཚོགས་པའི་འགོ་ཁྲིད་ཀྱི་ཟབ་སྦྱོང་ལས་རིམ་གྱི་ཆ་ཤས་ཤིག་ཡིན་པ་བཅས། །






