ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཇར་མ་ནིར་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༨ ཉིན་ཇར་མ་ནིར་རྟེན་གཞི་བྱས་པའི་ Animal Shelter ཚོགས་པར་བཅར་ཏེ་འབྲེལ་ཡོད་རྣམས་ལ་མཇལ་འཕྲད་ཀྱིས་ཚོགས་འདུའི་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་ནི་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཙམ་དུ་མ་ཟད། སྟོབས་འབྱོར་མངའ་ཐང་རྒྱས་པའི་དུས་སུ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་། སོག་ཡུལ་སོགས་སུ་དབང་སྒྱུར་བྱས་མྱོང་བ། རྒྱ་མིས་བོད་ནང་བཙན་འཛུལ་བྱས་རྗེས་བོད་ཀྱི་གསེར་དངུལ་ཟངས་ལྕགས་སོགས་ཀྱི་གཏེར་ཁ་བསྔོག་འདོན་གྱིས་རྒྱ་ནག་ཏུ་དབོར་འདྲེན་བྱེད་ལུགས། ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་ཆོས་དད་རང་དབང་མེད་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྒྲིག་གཤོམ་མི་ཆོག་པ། ཕྱི་རྒྱལ་དཔོན་རིགས་རྣམས་བོད་དུ་ཕེབས་སྐབས་རྒྱ་མིའི་དཔོན་རིགས་རྣམས་ཀྱིས་བོད་ནང་དུ་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་རྣམ་པ་ཕྱིན་ཡོད་ལུགས་ཀྱི་འགྲེལ་བརྗོད་ལོག་པ་བྱེད་ཚུལ། བཅའ་སྡོད་སློབ་གྲྭའི་ནང་དུ་སློབ་སྦྱོང་དང་ཞལ་ལག་གི་མཐུན་རྐྱེན་ཚད་ལྡན་མེད་པ་དང་། བཙན་གཡེམ་དང་གདུག་རྩུབ་གཏོང་གི་ཡོད་ལུགས་སོགས་ཀྱི་སྐོར་འགྲེལ་བརྗོད་ཞུས།

ཕྱི་ཚེས་ ༡༡ ཉིན་ཇར་མ་ནིའི་རྒྱལ་ས་བར་ལིན་གནམ་ཐང་དུ་ཕེབས་འབྱོར་སྐབས་དེ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། གཟའ་མཇུག་སློབ་གྲྭའི་ཚོགས་མི་དང་ལས་སྣེ་རྣམ་པ་ཡོངས་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས།

དེ་ཉིན་བར་ལིན་དུ་བཅའ་བཞུགས་བྲག་གཡབ་ཧོ་ཐོག་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་མཆོག་གི་མཇལ་བཅར་ཞུ་རྒྱུའི་སྐལ་བཟང་བགོ་སྐལ་ཐོབ་པ་དང་། དེ་སྐབས་ཕྱག་རོགས་སུ་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་མཉམ་བཅར་ཞུས་ཡོད།

ཕྱི་ཚེས་ ༡༢ ཉིན་མུ་ནིག་གཟའ་མཇུག་བོད་རིགས་རིག་གཞུང་སློབ་གྲྭར་གཟིགས་སྐོར་ཕེབས་ཏེ་འབྲེལ་ཡོད་སློབ་སྤྱི་དང་དགེ་རྒན་རྣམ་པར་མཇལ་འཕྲད་གནང་བ་དང་། དེ་རྗེས་སློབ་གྲྭའི་འཛིན་ཁང་དང་ཁོར་ཡུག་ཏུ་གཟིགས་ཞིབ་གནང་སྟེ། ཁོང་གིས་སློབ་མ་རྣམས་ལ་དང་ཐོག་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་མ་བརླག་པའི་ཐོག་སྤོབས་པ་སྐྱེ་དགོས་པ་དང་། བོད་ནང་དུ་རང་རེ་ཤ་ཁྲག་གཅིག་པའི་སྤུན་ཟླ་མང་པོ་ཞིག་རྒྱ་མིའི་བཙན་འོག་ཏུ་དམྱལ་བ་མི་ཡུལ་ལྟ་བུའི་མྱངས་དང་མྱོང་བཞིན་པ། སློབ་སྦྱོང་ཐོག་སྔར་ལྷག་འབད་འབུངས་གནང་སྟེ་རང་དབང་སླར་གསོ་བྱ་རྒྱུའི་དམིགས་ཡུལ་བཅང་དགོས་པ། ཡ་རབས་བཟང་སྤྱོད་དང་ལྡན་ཞིང་ཕན་ཚུན་འཆམ་མཐུན་ངང་གནས་དགོས་པ་སོགས་ཀྱི་གསུང་བཤད་གནང་།

དེ་ཁུལ་དུ་བཞུགས་པའི་ཕ་མ་དང་དགེ་རྒན་ལས་བྱེད་རྣམས་ལ་འོ་ཅག་བོད་མི་རྩམ་གཟན་པ་ཡོངས་ལ་འཛམ་གླིང་ཡུལ་གྲུ་གང་དུའང་མེད་པའི་དབུ་ཁྲིད་ཡང་དག་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ཡོད་པར་དགའ་སྤོབས་སྐྱེ་དགོས་པ་དང་། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཀའ་དགོངས་ཚུལ་བཞིན་དུ་སྒྲུབ་དགོས་པ། བོད་མི་ནང་ཁུལ་དབར་རྡོག་རྩ་ཆིག་སྒྲིལ་དང་ཕན་ཚུན་བཀའ་མོལ་གནང་སྐབས་བོད་སྐད་གཙང་མ་བསྐྱོན་རྒྱུ། མ་འོངས་སོན་རྩ་བུ་ཕྲུག་རྣམས་ཕྱི་ནང་གི་ཤེས་ཡོན་སྤྱི་དང་། ཡང་སྒོས་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་ཆགས་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་གལ་འགངས་ཆེ་བ་སོགས་ཀྱི་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༡༣ ཉིན་ཇར་མ་ནི་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༤ ཉིན་དྷ་སར་ཕྱིར་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །


སྔོན་མ།
ཤེས་རིག་ལས་ཁུངས་ནས་སེ་ལ་ཀུའི་བོད་ཁྱིམ་དུ་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།