ཟླ་རེའི་གསར་འགྱུར།

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ ༦༥ འཁོར་བའི་དུས་སྟོན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་བཅས་ཀྱི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དམིགས་བསལ་སྐུ་མགྲོན་གྲོང་སྡེའི་སྤྱི་ཁྱབ་འགན་འཛིན་སུ་རེནྡྲར་ཀཏོཆ་ (Surender  Katoch) ལགས། དེ་བཞིན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ། དེ་བཞིན་དྷ་ས་ཁུལ་གྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་ཞུས་བསྟུན་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས།

དེ་ནས་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་འཚམས་འདྲི་དང་སྦྲགས་བོད་ཁྱིམ་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༦༥ འཁོར་བའི་དུས་དྲན་ལ་འཚམས་འདྲི་ཞུས་པ་དང་སྦྲགས་གསུང་དོན། བོད་ཕྲུག་ཁྱིམ་སྡེ་ལྟ་བུ་མཚོན་ན་ཚོགས་པ་བྱས་རྗེས་ཅན་ཞིག་ཡིན་པ་དང་། དེ་ཡང་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་གཙོས་མི་སྣ་མང་པོ་ཞིག་གིས་ལོ་ངོ་ ༦༥ རིང་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་ཡིན་ཞིང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་ཕུགས་རྒྱང་རིང་པོས་དགོངས་བཞེས་ལས་གཞིས་ཆགས་ཁག་དང་། དགོན་སྡེ་ཁག སློབ་གྲྭ་ཁག་འཛུགས་བསྐྲུན་གྱིས་བཙན་བྱོལ་བ་ཚང་མའི་ནང་ནས་མི་འདྲ་བ་ཞིག་འགྱུར་ཡོད་པ་ནི་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པར་སོང་། ཚང་མས་མ་བརྗེད་པར་ཐུགས་ལ་བཅངས་དགོས་པའི་ལམ་སྟོན་དང་། ད་ལྟའི་ཆར་སྔར་དང་མི་འདྲ་བར་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ནའང་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤུད་ཚད་ལྡན་པའི་མཐུན་འགྱུར་བསྐྲུན་དགོས་པ་ནི་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་ཡོད།  དེ་བཞིན་སློབ་ཕྲུག་དང་དགེ་རྒན་ཚོས་སློབ་གྲྭའི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་གནང་དགོས་པ་དང་། ལྷག་པར་རང་ཁྲིམས་སྲུང་དགོས་པ་ནི་གལ་འགངས་ཆེན་པོ་ཡིན་པ་དང་འབྲེལ། སློབ་ཕྲུག་ཚོས་ཤེས་ཡོན་ཁོ་ན་མ་ཡིན་པར་མི་བཟང་སྤྱོད་ལྡན་པ་ཞིག་བྱེད་དགོས་པ་མ་ཟད། ལུས་སེམས་ཀྱི་འཕྲོད་བསྟེན་ལའང་དོ་སྣང་གནང་དགོས་གལ་སྐོར་གསུངས།

གཞན་ཡང་བཀའ་བློན་མཆོག་གིས་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་བྱེད་བཞིན་པའི་ཛ་དྲག་གིས་གནས་སྟངས་ཁག་ཚང་མས་ཤེས་རྟོགས་དགོས་གལ་དང་འབྲེལ་བཙན་བྱོལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་གནང་དགོས་པའི་ལམ་སྟོན་གནང་ཡོད།

དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་༸སྐྱབས་རྗེ་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་གིས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བར་འཚམས་འདྲི་ཞུས་པ་དང་སྦྲགས་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་པར་འབད་བརྩོན་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་༸སྐྱབས་རྗེ་མཆོག་སྤྲུལ་གླིང་རིན་པོ་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞི་གྲོང་ ༡༢ དང་བྱང་ཐང་ས་ཁག་བདུན་ཐུན་མོང་གིས་མངོན་འདོད་ལྟར་ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཆེད་བཅར་གྱིས་སྐུའི་གཅེན་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱི་ཕྱག་ཏུ་འབུལ་བཞེས་མཛད་པ་དང་། བོད་ཕྲུག་ཁྱིམ་སྡེའི་ནང་ཞབས་ལོ་ ༢༠ འཁོར་བའི་ཞབས་ཞུ་བ་རྣམས་ལ་གཟེངས་རྟགས་དང་ཕྱག་འཁྱེར་གནང་ཡོད།

དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྩེ་ཕུད་རྣམས་ལ་བྱ་དགའ་དང་ཕྱག་འཁྱེར་གནང་གྲུབ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བུམ་སྐྱོན་གསུམ་བྲལ་གྱི་ཕྱག་འཁྱེར་གནང་ཡོད། དེ་རྗེས་སློབ་ཕྲུག་རྣམས་ནས་གཞས་སྣ་འཁྲབ་སྟོན་དང་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་དང་འབྲེལ་བའི་ལུས་རྩལ་གཟིགས་འབུལ་བཅས་གནང་གྲུབ་རྗེས་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།


སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཇར་མ་ནིར་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་པ།