ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པས་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ལ་གཟིགས་སྐོར་ལེགས་གྲུབ་ཟིན་པ།

༄༅། །བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར།   ཕྱི་ལོ་ ༢༠༢༥ ཟླ་བ་ ༩ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༢༤ བར་ཟླ་གཅིག་ཙམ་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་ལྷན་རྒྱས་ཀྱི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ལ་གཟིགས་སྐོར་དབུ་འཛུགས་གནང་ཡོད།

དེ་ཡང་ཚོགས་གཙོ་མཁན་ཟུར་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་ཚེ་རིང་ལགས་ཕྱི་ལོ་ ༢༠༢༥ ཟླ་བ་ ༩ ཚེས་ ༢༩ ནས་ཟླ་བ་ ༡༠ ཚེས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་རྟེན་གཞི་བྱས་པའི་ཀོ་ལེ་གྷལ་སཾབྷོ་ཊ་སློབ་གྲྭ་དང་། སྔོན་འགྲོ་སྡེ་ཁག་གསུམ། གུ་རུ་པུ་ར་སཾབྷོ་ཊ་སློབ་གྲྭ་དང་། སྔོན་འགྲོ་སྡེ་ཁག་གཉིས། སྦེལ་ཀོབ་གཞིས་ཆགས་ཀྱི་ཨར་ལི་ཀུ་མ་རི་སཾབྷོ་ཊ་ཉིན་སློབ་དང་། ཀེ་ལ་ཤ་པུ་ར་སཾབྷོ་ཊ་ཉིན་སློབ།  སྦེལ་ཀོབ་སཾབྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭ། སྦེལ་ཀོབ་སི་ཝེ་པི་སཾབྷོ་ཊ་ཉིན་སློབ། གྷོ་ལ་ཐ་ལ་སཾབྷོ་ཊ་ཉིན་སློབ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། མོན་གྷོ་སཾབྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭ་དང་། གཞི་རིམ་འོག་མའི་སློབ་གྲྭ་གཉིས་བཅས་ལ་གཟིགས་སྐོར་གནང་།

ཚོགས་མི་ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་འབུམ་རམས་པ་ལྷག་པ་ཚེ་རིང་ལགས་ལྡེ་ར་ལྡུན་ཁུལ་དུ་ཕེབས་ཏེ། ཟླ་བ་ ༩ ཚེས་ ༢༩  ནས་ཟླ་བ་ ༡༠ ཚེས་ ༩ ཉིན་བར་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང་། སེ་ལ་ཀུའི་བོད་ཁྱིམ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་། ཧ་པུར་སཾབྷོ་ཊ་སློབ་གྲྭ། རཱཇ་པུར་བོད་ཁྱིམ་སློབ་གྲྭ། གྷོ་རི་མ་ཕཱི་བོད་ཁྱིམ་སློབ་གྲྭ། བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭ། མ་སུ་རི་བོད་ཁྱིམ་སློབ་གྲྭ། མ་སུ་རི་སཾབྷོ་ཊ་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་།

ཚོགས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་བྱང་ཤར་ཁུལ་དུ་ཕེབས་ཏེ། ཟླ་བ་ ༡༠ ཚེས་ ༡༣ ནས་ ༢༤ བར་ཀ་སྤུག་སཾབྷོ་ཊ་སློབ་གྲྭ་དང་། རྡོར་གླིང་སཾབྷོ་ཊ་སློབ་གྲྭ།  སོ་ན་མདའ་སཾབྷོ་ཊ་སློབ་གྲྭ། ར་ཝང་ལ་སཾབྷོ་ཊ་སློབ་གྲྭ། ཏེ་ཛུ་སཾབྷོ་ཊ་སློབ་གྲྭ། མེའོ་སཾབྷོ་ཊ་སློབ་གྲྭ། བསྟན་འཛིན་སྒང་སཾབྷོ་ཊ་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་ཡོད།

གོང་གསལ་ཚོགས་གཙོ་དང་ཚོགས་མི་རྣམ་པས་གཟིགས་སྐོར་སྐབས། སློབ་གྲྭ་ཁག་གི་ནང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་ལས་གཞི་ཅི་སྤེལ།  ཤེས་རིག་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་ཀློག་དེབ་རིགས་བེད་སྤྱོད་གནང་ཕྱོགས། སློབ་གྲྭའི་དཔེ་མཛོད་དང་། འཛིན་ཁང་། ཚན་རིག་བརྟག་དཔྱད་ཁང་། ཉལ་ཁང་། གསོལ་ཚིགས་ཁང་བཅས་སྤྱི་ཡོངས་ཀྱི་གནས་སྟངས། དགེ་རྒན་སློབ་ཁྲིད་གནང་ཕྱོགས་དང་། སློབ་ཕྲུག་གི་གནས་ཚད་བཅས་ལ་རྟོག་ཞིབ་གནང་བ་མ་ཟད། སྔོན་འགྲོ་སྡེ་ཁག་གི་གནས་སྟངས་ལའང་རྟོག་ཞིབ་ཀྱིས་དགེ་རྒན་དང་། ལས་བྱེད། སློབ་ཕྲུག་གི་ཕ་མ་བཅས་ལ་ཐུག་འཕྲད་ཀྱི་ལམ་སྟོན་བཀའ་སློབ་གནང་ཡོད།

འཆར་ཟླའི་ནང་ཚོགས་མི་སྤྱི་ཟུར་དཔལ་ཁང་ཉི་མ་དོན་གྲུབ་ལགས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ལ་གཟིགས་སྐོར་ཕེབས་འཆར་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་ལེགས་གྲུབ་ཡོང་བར་འབྲེལ་ཡོད་སློབ་སྡེ་ཁག་གི་སྤྱི་ཁྱབ་ཡིག་ཚང་གཙོས། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། འབྲེལ་ཡོད་ལས་བྱེད་བཅས་ནས་མཐུན་འགྱུར་གང་ལེགས་གནང་ཡོད་པ་མ་ཟད། ལས་རིམ་འདིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས། །


སྔོན་མ།
བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།