ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་དང་མཌ་ར་སི་འབྲི་ཀློག་འཆོལ་སྐྱོན་ཚོགས་པ་མཉམ་འབྲེལ་གྱིས་དམིགས་བསལ་ཤེས་ཡོན་ཐོག་ཟབ་སྦྱོང་གནང་བ།

༄༅། །ཡོངས་ཚུད་ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་ཐབས་སླད་ཤེས་རིག་ལས་ཁུངས་དང་མཌ་ར་སི་འབྲི་ཀློག་འཆོལ་སྐྱོན་ཚོགས་པ་ (MDA) གཉིས་མཉམ་འབྲེལ་ཐོག་དགེ་རྒན་གཉིས་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་གནང་ཡོད། ལས་གཞི་འདི་ནི་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་གི་ནང་སྦྱང་ཤེས་ཀྱི་དཀའ་ངལ་ཡོད་པའི་སློབ་ཕྲུག་ཚོའི་ཆེད་དགེ་རྒན་རྣམས་ལ་སློབ་ཁྲིད་ཀྱི་རྩལ་དང་ཉེར་མཁོའི་ཤེས་ཡོན་ཀྱི་ནུས་པ་ཡར་རྒྱས་གཏོང་ཐབས་སླད་དམིགས་པ་ཞིག་ཡིན།

དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༦ ནས་འགོ་བཙུགས་ཀྱིས་གཟའ་འཁོར་དྲུག་རིང་མཌ་ར་སི་འབྲི་ཀློག་འཆོལ་སྐྱོན་ཚོགས་པར་སཾ་བྷོ་ཊ་ཨར་ལི་ཀུ་མཱ་རི་ནས་ཡིན་པའི་དགེ་རྒན་བདེ་སྐྱིད་མཚོ་མོ་ལགས་དང་། སཾ་བྷོ་ཊ་མོན་གྷོཊ་ནས་ཡིན་པའི་དགེ་རྒན་སྐལ་བཟང་ཆོས་སྒྲོན་ལགས་རྣམ་གཉིས་ལ་དམིགས་བསལ་ཤེས་ཡོན་ཐོག་ཟབ་སྦྱོང་གནང་ཡོད་ཅིང་། ཟབ་སྦྱོང་རིང་ཁོང་རྣམ་གཉིས་ལ་སྦྱང་ཤེས་ཀྱི་དཀའ་ངལ་ཡོད་པའི་ཕྲུ་གུ་ངོས་འཛིན་ཚུལ་དང་། དེ་དག་ལ་རྒྱབ་སྐྱོར་ཇི་ལྟར་གནང་ཐབས། དེ་བཞིན་རྒྱབ་ལྗོངས་དང་ཤེས་ཚད་འདྲ་མིན་ཡོད་པའི་སློབ་ཕྲུག་མཉམ་འཛོམས་ཀྱི་འཛིན་གྲྭ་བསྐྲུན་ཐབས་བཅས་ཀྱི་ཐད་སློབ་སྦྱོང་གནང་ཡོད། 

དེ་བཞིན་རྒན་བདེ་སྐྱིད་མཚོ་མོ་ལགས་དང་སྐལ་བཟང་ཆོས་སྒྲོན་ལགས་རྣམ་གཉིས་ནས་རེས་གཟའ་ལྷག་པ་དང་། རེས་གཟའ་སྤེན་པའི་ཉིན་ཡོངས་ཚུད་ཚོགས་པའི་ཚོགས་མི་རྣམས་ལ་ཟབ་སྦྱོང་ཁྲོད་སྦྱང་ཤེས་དཀའ་བའི་སློབ་ཕྲུག་ཚོར་སློབ་ཁྲིད་དང་རྒྱབ་སྐྱོར་གནང་ཐབས་བཅས་ཀྱི་ཐད་གོ་རྟོགས་ཐོབ་པ་རྣམས་མཉམ་སྤྱོད་གནང་འགོ་བཙུགས་ཤིང་། འདི་ནི་དགེ་རྒན་གཞན་རྣམས་ལ་སློབ་ཕྲུག་སོ་སོའི་དགོས་མཁོ་དང་མཐུན་པའི་སློབ་ཚན་ཁྲིད་ཐབས་ཀྱི་ནུས་པ་གོར་མཐོར་གཏོང་སྟེ་སློབ་ཕྲུག་ཚང་མར་སྤུད་ཚད་ལྡན་པའི་ཤེས་ཡོན་སྤྲད་ཐབས་སླད་དམིགས་པ་ཞིག་ཡིན།། 


སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པས་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ལ་གཟིགས་སྐོར་ལེགས་གྲུབ་ཟིན་པ།