ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་བོད་སློབ་ཁག་ལ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༄༅། །ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༣༠ ནས་ཟླ་བ་ ༡༡ ཚེས་ ༧ བར་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་བོད་སློབ་ཁག་ཏུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུའི་མཛད་རིམ་གཏན་འཁེལ་ཡོད།

སློབ་གྲྭ་ཁག་ལ་གཞུང་འབྲེལ་འཚམས་གཟིགས་མ་གནང་གོང་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ལྡི་ལི་སྐུ་ཚབ་དོན་ཁང་དུ་ཤེས་རིག་དཔར་ཁང་དགེ་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ ལ་མཉམ་ཞུགས་ཀྱིས་ཤེས་རིག་དཔར་ཁང་གི་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་མང་དག་གཅིག་གི་ཐོག་གྲོས་གཞི་གཏན་འབེབས་བཞིན་བཀའ་བསྡུར་ཞིབ་ལྷུག་དང་འབྲེལ་གང་ལ་གང་འོས་ཀྱིས་ལམ་སྟོན་གསུང་བཤད་དང་། ལྷག་པར་འཛིན་སྐྱོང་ཚགས་ཚུད་ཡོང་སླད་གནང་སྒོ་ཁག་ཕྱིར་འགྱངས་སུ་མ་གཏོང་བར་འཕྲལ་འཕྲལ་ཐག་གཅོད་གནང་དགོས་པའི་མཛུབ་སྟོན་ནན་པོ་གནང་ཡོད།

ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་དང་ལྷན་བཅར་ལས་བྱེད་ཚན་རིག་ཤེས་ཡོན་འགན་འཛིན་དྲུང་ལས་རྡོ་རྗེ་དབང་འདུས་ལགས་དང་འཆར་འགོད་ཚན་པའི་ལས་བྱེད་སྡེ་འགན་རྡོ་རྗེ་དབང་ཕྱུག་ལགས་བཅས་ནཱག་པུར་དུ་ཕེབས་འབྱོར་སྐབས་ས་གནས་གནམ་ཐང་དུ་ཕྱོགས་ཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྦན་ད་ར་ས་གནས་འགོ་འཛིན་བསྟན་འཛིན་ཚངས་པ་ལགས། ས་འཐུས་ཚོགས་གཞོན་བློ་བཟང་དོན་ཡོད་ལགས། དེ་བཞིན་སྦན་ད་ར་མཉམ་འབྲེལ་ཚོགས་གཙོ་དང་ནཱག་པུར་བོད་མིའི་སྐྱབས་བཅོལ་སུད་ཚོང་ཚོགས་གཙོ་གཅིག་ལྕོགས་བསྟན་འཛིན་པ་སངས་ལགས་བཅས་གནམ་ཐང་དུ་ཕེབས་བསུར་བཅར་བ་དང་། སྦན་ད་ར་ས་གནས་གཙོས་པའི་སུད་ཚོང་མི་གྲངས་ ༧༥ ཙམ་ཁྲོམ་རྭར་ཚང་འཛོམས་ཐོག་གཞུང་འབྲེལ་མཛད་སྒོ་བསྐོང་ཚོགས་དང་འབྲེལ། མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སུད་ཚོང་མི་མང་རྣམས་ལས་ལ་བརྩོན་བཞིན་སྒྲིག་འཛུགས་ལྡན་པའི་ངང་གཅིག་ཕན་གཅིག་གྲོགས་གནང་བཞིན་པར་བསྔགས་བརྗོད་གནང་བ་དང་འབྲེལ། ཚོང་གཉེར་གནང་སྐབས་རྒྱ་གར་ཡུལ་མི་དང་ལྷན་གཞི་མཐུན་བག་ཕེབས་ངང་ཉོ་ཚོང་གནང་དགོས་པ་དང་། བཙན་བྱོལ་དུ་རང་གི་རིག་གཞུང་སྲུང་སྐྱོབ་དང་། མ་འོངས་ཕུགས་འདུན་སྒྲུབ་ཐབས་སོགས་ཀྱི་གོ་སྐལ་བསྐྲུན་གནང་མཁན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཡིན་པ་དང་། སུད་ཚོང་སྐབས་རང་ཉིད་ནི་བོད་མིའི་སྐུ་ཚབ་མཚོན་བཞིན་ཡོད་པས་འདུ་ཤེས་འཛིན་དགོས་ལུགས་སོགས་ཀྱི་གསུང་བཤད་གནང་རྗེས། ནཱག་པུར་བོད་མིའི་སྐྱབས་བཅོལ་སུད་ཚོང་ཚོགས་པའི་ཚོགས་གཙོས་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་ཆེད་ད་ནས་ལོ་ལྟར་ཤེས་རིག་ལས་ཁུངས་ལ་མ་འོངས་བོད་ཀྱི་སོན་རྩ་གསོ་སྐྱོང་ཆེད་སློབ་ཡོན་ཧིན་སྒོར་འབུམ་གཉིས་རེ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ།

ཕྱི་ཚེས་ ༣༠ ཉིན་སྦན་ད་ར་གྷོ་ཌན་གའུ་སཾ་བྷོ་ཊ་ཉིན་སློབ་ལ་གཟིགས་ཞིབ་ཀྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་དོན། ཞོགས་ཚོགས་སྐབས་དགེ་རྒན་གྱི་ལྟ་རྟོག་འོག་སློབ་ཕྲུག་རང་ཉིད་ནས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། དེ་བཞིན་རོལ་ཆ་སོགས་གང་ལེགས་སྦྱོང་བཞིན་ཡོད་པར་དགེ་སློབ་ཀུན་ལ་བསྔགས་བརྗོད་དང་། སློབ་གྲྭའི་གནས་སྟངས་ལ་གཞིགས་ཏེ་སློབ་ཕྲུག་གི་གྲངས་འབོར་མང་ཉུང་ལ་མ་ལྟོས་པར་ཤེས་ཡོན་སྤུས་ཚད་ལྡན་པ་སྤྲོད་རྒྱུ་གཙོ་ཆེར་ཟུང་དགོས་རྒྱུ་སོགས་ཀྱི་ལམ་སྟོན་ཟབ་མོ་གནང་ཡོད་ཅིང་། སློབ་གྲྭ་ཡོངས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཡོད།

ཕྱི་ཚེས་ ༣༡ ཉིན་ཕ་མ་རྣམས་དང་ཐུག་འཕྲད་གནང་རྒྱུ་དང་དེ་རྗེས་མན་སྤར་ཕན་བདེ་གླིང་། ཨོ་ཌི་ཤ་ཕུན་ཚོགས་གླིང་བཅས་སུ་རྟེན་གཞི་བྱས་པའི་སློབ་ཁག་ལ་རྟོག་ཞིབ་དང་ལྷན་དགེ་རྒན་ལས་བྱེད་དང་། སློབ་ཕྲུག ཕ་མ་སོགས་དང་ཐུག་འཕྲད་སོགས་ཀྱི་མཛད་རིམ་གནང་འཆར་ཡོད་འདུག །


སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་དབུས་ཁུལ་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།