
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༤ ནས་ ༨ བར་འདི་ག་ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ཀྱི་མོན་ཊེ་སེ་རི་བོད་ཡིག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། སྐབས་དེར་སཾ་བྷོ་ཊ་བོད་སློབ་ཁག་ནས་དགེ་རྒན་ ༡༤ དང་། བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ནས་དགེ་རྒན་གསུམ་རེ་བཅས་ཁྱོན་སྔོན་འགྲོའི་དགེ་རྒན་གྲངས་ ༢༠ མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ཟབ་སྦྱོང་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཟབ་སྦྱོང་ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད། མཉམ་ཞུགས་པ་བཅས་ལྷན་འཛོམས་གནང་ཡོད།

ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁྱད་སྟོན་པ་དང་། མཉམ་ཞུགས་པ་ཡོངས་ལ་ཕེབས་བསུ་དང་སྦྲགས། ཟབ་སྦྱོང་འདིའི་དགོས་དམིགས་སྐོར་འགྲེལ་བརྗོད་གནང་སྐབས་ཁོང་གིས་ཕྱི་ལོ་ ༢༠༡༧ ལོར་ལྷ་མོ་སྤེན་པ་ལགས་དང་འབྲེལ་ལམ་བྱུང་ཚུལ་དང་། དེ་ནས་བཟུང་ཁོང་མོས་སྔོན་འགྲོའི་དགེ་རྒན་རྣམས་ལ་ངོ་ཐོག་སྦྱོང་བརྡར་ཐེངས་བདུན་དང་། དྲྭ་ཐོག་སྦྱོར་བརྡར་ཐེངས་གཉིས་གནང་ཡོད་པའི་སྐོར་ངོ་སྤྲོད་གནང་།
དེ་བཞིན་ཁོང་གིས་མཉམ་ལས་འདི་བརྒྱུད་ཕྱི་ལོ་ ༢༠༢༥ ལོའི་ཟླ་བ་ ༦ ནས་ ༧ བར་སྔོན་འགྲོའི་དགེ་རྒན་ ༡༢༠ དང་། དགེ་རྒན་གྲངས་ ༥༨ ཙམ་ལ་གཞི་རིམ་འོག་མའི་རྒྱུས་མངའ་ལམ་སྟོན་གྱི་སྦྱོར་བརྡར་ཕུལ་ཡོད་པ་མ་ཟད། དགེ་རྒན་ ༩༣ ལ་ (EPL) མི་ཚེའི་ལག་ལེན་སྦྱོར་བརྡར། དགེ་རྒན་ ༣༢ ལ་ཨང་རྩིས་སྦྱོང་བརྡར། དགེ་རྒན་ ༣༡ ལ་ཚོར་ཤེས་ཀྱི་བྱེད་སྒོ་ཁག་ཕུལ་ཡོད་སྐོར་གསལ་སྟོན་གནང་ཡོད། ཁོང་གིས་ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་གི་སྔོན་འགྲོའི་ཤེས་ཡོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལྕམ་སེ་ལི་ཀོ་ནེ་ལན་ལགས་ཀྱིས་ཐེངས་འདི་དང་དེ་སྔོན་གྱི་སྦྱོང་བརྡར་ཐོག་མཐུན་འགྱུར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།

དེ་རྗེས་ཟབ་སྦྱོང་གི་ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་ཀྱིས་སྦྱོང་བརྡར་འདིའི་བརྗོད་གཞི་ཁག་ངོ་སྤྲོད་གནང་བ་དང་ཆབས་ཅིག ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་དེ་གོ་སྒྲིག་གནང་བར་བསྔགས་བརྗོད་གནང་ཡོད།
དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བཙན་བྱོལ་ནང་བོད་མིའི་ཤེས་ཡོན་གྱི་ལོ་རྒྱུས་སྐོར་གསུངས་ཤིང་། དེ་ཡང་བཙན་བྱོལ་དུ་ཐོག་མར་སྐུ་ཞབས་མེ་ཀོ་ལི་ལགས་ཀྱི་ (Lord Macaulay’s Minute on Education) ལ་གཞི་བཅོལ་བའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་རྗེས་སུ་འབྲངས་ཏེ་ ༡༠+ ༡༢ སྒྲོམ་གཞི་དང་། རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཐོག་དོ་སྣང་ཆེ་རུ་གཏོང་ཡོད་པ་གསུངས། དེ་ནས་ཕྱིས་སུ་བཙན་བྱོལ་དུ་བོད་མིའི་ཤེས་ཡོན་གྱི་དགོས་མཁོ་དང་བསྟུན་ནས་བཙན་བྱོལ་བོད་མིའི་གཞི་རྩའི་ཤེས་ཡོན་སྲིད་བྱུས་ཇི་ལྟར་ཕྱོགས་སྒྲིལ་གནང་བའི་སྐོར་འགྲེལ་བརྗོད་གནང་།

ཁོང་གིས་གཞི་རྩའི་སློབ་སྦྱོང་གི་གལ་གནད་སྐོར་གསུངས་ཤིང་། རྒྱ་གར་གྱི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ (NEP) ཀྱི་སྒྲོམ་གཞི་ ༥+༣+༣+༤ དང་། བོད་ཀྱི་གཞི་རྩའི་ཤེས་ཡོན་སྲིད་བྱུས་ (BEP) ཀྱི་སྒྲོམ་གཞི་ ༣+༥+༣+༤ གཉིས་ཀ་ཐོག་མའི་ཤེས་ཡོན་ལ་གཙོ་གནད་འཛིན་ཀྱི་ཡོད་པ་གསལ་སྟོན་གནང་། དེ་བཞིན་ཁོང་གིས་མཉམ་ཞུགས་པ་རྣམས་ལ་ཕྲུག་གུ་ལོ་ ༠ ནས་ ༧ བར་དུ་ཀླད་པའི་འཚར་ལོང་གི་བརྒྱ་ཆ་ ༨༠ ནས་ ༩༠ ཙམ་ཡོད་པ་དྲན་སྐུལ་གནང་སྟེ། སྔོན་འགྲོའི་ཤེས་ཡོན་གྱི་གལ་གནད་དང་སྔོན་འགྲོའི་དགེ་རྒན་གྱི་ལས་འགན་སྐོར་གསུངས།
དེ་མཚུངས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སྔོན་འགྲོའི་ཤེས་ཡོན་སྲ་བརྟན་དུ་གཏོང་ཆེད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་ཆེད་སྦྱོང་བརྡར་དང་། སྔོན་འགྲོའི་སློབ་ཕྲུག་རྣམས་ལ་བོད་ཡིག་དང་། ཨང་རྩིས། ཚོར་ཤེས་ཀྱི་སློབ་སྦྱོང་། མི་ཚེའི་ལག་ལེན་སྦྱོང་བརྡར་བཅས་ཀྱི་སླེབ་དེབ་ཁག་བགྲོ་འགྲེམས་བྱེད་བཞིན་པ་བཅས་གལ་ཆེའི་ལས་འགུལ་སྐོར་ངོ་སྤྲོད་གནང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱིས་ (ECCE) ལས་གཞི་བརྒྱུད་བོད་མིའི་གཞིས་ཆགས་ནང་གི་བུ་བཅོལ་ཁང་གི་ལྟ་སྐྱོང་བ་ཚོར་སྦྱོང་བརྡར་ཕུལ་བ་དང་། རྩེད་ཆས་དང་ཟས་བཅུད་བཅས་ཀྱི་རྒྱབ་སྐྱོར་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་།

ཁོང་གིས་ཕྲུ་གུ་ཚོར་ཚན་རིག་གི་འདུ་ཤེས་དང་། གསར་གཏོད་ནུས་པ། དབྱེ་ཞིབ་ཀྱི་ནུས་པ། ཤེས་འདོད་ཀྱི་རང་བཞིན། བསམ་ཚུལ་བཤད་ཐུབ་པའི་གདེང་སྤོབས་གོང་མཐོར་གཏོང་རྒྱུའི་གལ་གནད་སྐོར་གསུངས།
མཐར་ཁོང་གིས་དགེ་རྒན་ཚོས་འབྲི་ཀློག་གི་དཀའ་ངལ་ཡོད་པའི་སློབ་ཕྲུག་རྣམས་ལ་ (Specific Learning Disorders) དམིགས་བསལ་ཐུགས་སྣང་གནང་དགོས་པ་དང་། སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་གྲྭའི་དགེ་རྒན་ཚོས་སྤྱི་ཚོགས་ནང་གལ་ཆེའི་ལས་འགན་ཞིག་ཡོད་པ་གསུངས། དེ་མ་ཟད་སློབ་ཕྲུག་ཚོར་རྒྱལ་ཞེན་དང་། ཡ་རབས་བཟང་སྤྱོད། གཞས་དང་ཞབས་བྲོ་བརྒྱུད་ནས་རིག་གཞུང་གི་ངོ་བོ་སྤེལ་དགོས་པའི་སྐུལ་མ་གནང་ཡོད།
དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་བ་བཅས།།
