
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༢༩ ནས་ཕྱི་ཟླ་ ༡༡ ཚེས་ ༨ བར་འདི་ག་ཤེས་རིག་སློབ་ཡོན་ཚན་པའི་གོ་སྒྲིག་འོག་རྒྱ་གར་བྱང་ཤར་དང་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ལ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་ཀྱི་ལས་གཞི་སྤེལ་ཡོད། དེ་ཡང་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་དང་ལས་རོགས་བསྟན་འཛིན་བསམ་གྲུབ་ལགས་ལྷན་བཅར་གྱིས་སཾ་བྷོ་ཊ་རྡོ་རྗེ་གླིང་དང་། ཀ་སྦུག་སཾ་བྷོ་ཊ། སཾ་བྷོ་ཊ་སྦེལ་ཀོབ། སྦེལ་ཀོབ་བོད་ཁྱིམ། སཾ་བྷོ་ཊ་མོན་གྷོ་བཅས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་སློབ་ཕྲུག་ཁྱོན་ ༥༣༠ ལྷག་ཙམ་ཞིག་ལ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་ཡོད།

དེ་སྐབས་སློབ་ཕྲུག་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འབུལ་ཕྱོགས་ཀྱི་ཆ་རྐྱེན་དང་། སྙན་ཞུ་འབུལ་བའི་རིམ་པ། དེའི་དགེ་ཚན་སོགས་ཀྱི་སྐོར་ལ་སློབ་ཕྲུག་དང་ཐད་ཀར་འབྲེལ་གཏུག་བྱས་ཏེ་སློབ་ཡོན་སྐོར་ལམ་སྟོན་གནང་ཡོད། དེ་བཞིན་སཾ་བྷོ་ཊ་མོན་གྷོ་རུ་ཕ་མ་ ༨༠ ཙམ་ཞིག་ལ་ཤེས་རིག་སློབ་ཡོན་གྱི་གོ་སྐབས་སྐོར་ལ་གོ་རྟོགས་སྤེལ་ཡོད།

སྐབས་དེར་མ་འོངས་དེ་ལྟ་བུའི་ལས་རིམ་ཡར་རྒྱས་ཡོང་སླད་སློབ་ཕྲུག་ནས་བསམ་ཚུལ་བསྡུ་རུབ་གནང་ཡོད་པ་དང་། ལས་རིམ་དེ་བཞིན་དེ་སྔོན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སློབ་ཡོན་གྱི་གོ་རྟོགས་སྤེལ་བའི་སྐབས། སློབ་ཕྲུག་ཚོས་སློབ་གྲྭ་ཁག་གི་ནང་སློབ་ཡོན་དང་འབྲེལ་བའི་གོ་རྟོགས་སྤེལ་དགོས་པའི་གལ་གནད་སྐོར་བསམ་འཆར་བཏོན་པ་བཞིན་ལས་གཞི་འདི་སྤེལ་བ་ཞིག་ཡིིན་པ་རེད། སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་སློབ་ཕྲུག་རྣམས་ནས་སློབ་ཡོན་གྱི་གོ་སྐབས་ཐོག་དོ་དབྱིངས་ཆེན་པོ་གནང་བར་དགའ་པོ་བྱུང་བ་དང་། ལས་རིམ་འདི་ནི་བོད་པའི་སློབ་ཕྲུག་རྣམས་ལ་མཐོ་རིམ་སློབ་གཉེར་འགྲིམ་པར་ལམ་སྟོན་དང་གདེང་ཚོད་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་པ་བརྗོད་གནང་ཡོད། །


