
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡༥ ཉིན་འདི་ག་ཤེས་རིག་ལས་ཁུངས་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་བོད་ཡིག་སློབ་ཁྲིད་ཐབས་ལམ་ཡར་རྒྱས་གཏོང་ཕྱོགས་ཐོག་དྲྭ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། ཐེངས་འདིའི་ཟབ་སྦྱོང་འདི། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༣ པའི་གྲོས་ཆོད་གཞིར་བཟུང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཤེས་རིག་ལས་ཁུངས་སུ་འབོད་སྐུལ་ཞུས་པ་དང་། ཤེས་རིག་ལས་ཁུངས་ནས་དོ་གལ་ཆེན་པོར་རྩིས་པ་གནང་སྟེ་གྲ་སྒྲིག་གནང་བ་ཞིག་རེད།
བྱང་ཨ་རིའི་ཁུལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་ཆུང་བསྡོམས་ ༣༦ ཡོད་པ་དང་། དེ་དག་ཁྲོད་གཟའ་མཇུག་སློབ་གྲྭ་གཉེར་མཁན་སྤྱི་མཐུན་ཚོགས་པ་ ༢༤ ཡོད། ཕྱི་ཚེས་ ༡༥ ཉིན་གྱི་ཟབ་སྦྱོང་ལ་ཨ་རིའི་ས་ཁུལ་ལྷོ་ཀ་ལེ་ཕོ་ནི་ཡ། (Southern California) སན་ཏ་ཕིལ། (Santa Fe) སེ་ཊལ། (Washington Seattle) བྱང་ཀ་ལེ་ཕོ་ནི་ཡ། (Northern California) པོཊ་ལེན་ཌི། (Portland) ཝན་ཁུ་ཝ་བྷི་སི། (Vancouver BC) ཡུ་ཊ། (Utah) ཁོ་ལོ་རལ་ཊོ། (Colorado) མི་ནི་སོ་ཊ། (Minnesota) གླིང་ཕྲན་བོད་རིགས་ཚོགས་པ། (Vancouver Island) ཀལ་གྷ་རིལ་ཨལ་བྷ་ཊ། (Alberta) བཅས་ནས་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ ༥༢ མཉམ་ཞུགས་གནང་ཡོད།

ཟབ་ཁྲིད་གནང་མཁན་གཙོ་བོ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཡིག་དགེ་རྒན་པ་སངས་ཚེ་རིང་ལགས་ཡིན་ཞིང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས། ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་འགན་འཛིན་དགེ་འདུན་དོན་ཡོད་ལགས། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཟབ་སྦྱོང་ལ་མཉམ་ཞུགས་གནང་ཡོད།
ཟབ་ཁྲིད་ཀྱི་གོང་དུ་ཤེས་རིག་དྲུང་ཆེ་དང་། སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་ཁག་སོ་སོར་ཟབ་སྦྱོང་གི་གལ་གནད་དང་། ཤེས་རིག་ལས་ཁུངས་ནས་གཟའ་མཇུག་སློབ་གྲྭ་ཁག་གལ་ཆེར་བརྩི་བའི་རྒྱུ་མཚན། ཤེས་རིག་ལས་ཁུངས་ཀྱིས་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམ་པར་བཅངས་པའི་རེ་བ། ཟབ་སྦྱོང་གི་བྱུང་རིམ་བཅས་ཀྱི་སྐོར་གསུང་བཤད་མདོར་བསྡུས་རེ་གནང་།

ཟབ་ཁྲིད་པ་རྒན་པ་སངས་ཚེ་རིང་ལགས་ཀྱིས་དགེ་རྒན་ཞིག་ཡིན་ཕྱིན། འཛིན་གྲྭའི་སྒོ་འཛུལ་མ་ཐག་བསམ་བློའི་འདུ་ཤེས་གང་འདྲ་ཞིག་བཟུང་དགོས་པའི་སྐོར་དང་། ཀློག་རྩལ་དང་ཡི་གེ་ངོ་སྤྲོད་ཇི་ལྟར་བྱེད་དགོས་ཚུལ། འབྲི་ཀློག་འདྲེས་མའི་སློབ་ཁྲིད་བྱེད་སྟངས། ཉན་ཤོད་འབྲི་ཀློག་གི་རྩལ་ལག་ལེན་དུ་བསྟར་སྟངས། བྱིས་སྒྲུང་ལག་ལེན་དངོས་ལ་སྦྱར་ནས་སྐད་ཡིག་སློབ་ཐབས་བཅས་ཉམས་མྱོང་དངོས་ཀྱི་ཐོག་ནས་ཟབ་ཁྲིད་གནང་བ་དང་། དགེ་རྒན་ཚོའི་དྲི་བ་ཁག་ལ་ལན་འདེབས་སམ་གསལ་བཤད་འདོད་པ་འཚིམ་པ་གནང་བ་ལ་བརྟེན་ནས། དུས་ཡུན་ཆུ་ཚོད་གཉིས་ནང་ཚར་བ་བྱེད་རྒྱུའི་ཟབ་སྦྱོང་དེ་བཞིན་ཆུ་ཚོད་གསུམ་དང་ཕྱེད་ཀ་འགོར་ཡང་། གསུང་མཁན་དང་གསན་མཁན་གཉིས་ཀར་ཉོབ་སྣང་མ་སླེབས་པ་ནི་ཟབ་ཁྲིད་བྱེད་ཡུལ་ཡིད་དབང་འཕྲོག་པའི་རྟགས་ཡིན།
ཟབ་ཁྲིད་ཚར་རྗེས་དགེ་རྒན་ཁག་གཅིག་དང་བོད་རིགས་འབྲེལ་མཐུད་པའི་དབར་བཀའ་མོལ་ཡོང་སྐབས་དགེ་རྒན་ཚོས་ཐེངས་འདིའི་ཟབ་ཁྲིད་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་བའི་ཚོར་སྣང་མཉམ་སྤྱོད་གནང་འདུག

མཇུག་ཏུ་བོད་རིགས་འབྲེལ་མཐུད་པ་དང་སློབ་དེབ་རྩོམ་སྒྲིག་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུ་དང་མཉམ་ཞུགས་གནང་མཁན་དགེ་རྒན་རྣམ་པས་མ་འོངས་སོན་རྩ་ཡིན་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་བློས་གཏོང་ཆེན་པོས་དང་བླང་ཞབས་ཞུ་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་གཏམ་ཐུང་སྨྲས་པའི་སྒོ་ནས་ཐེངས་འདིའི་ཟབ་སྦྱོང་ཐལ་མོ་བརྡབ་པའི་སྒྲའི་ཁྲོད་དུ་མཇུག་སྒྲིལ།
བྱང་ཨ་རིའི་ནང་གི་གཟའ་མཇུག་སློབ་གྲྭ་ཁག་ཤར་ནུབ་དབུས་སོགས་ས་ཕྱོགས་འདྲ་མིན་ཏུ་གནས་ཡོད་དང་། སློབ་གྲྭ་ཁག་གི་འཛིམ་རིམ་མཐོ་དམན་ཡང་མི་གཅིག་པར་བརྟེན་ཐེངས་འདིའི་ཟབ་སྦྱོང་འདི་ཡང་ཐེངས་དྲུག་ལ་དབྱེ་ཡོད་ཅིང་། ད་དུང་ཟབ་སྦྱོང་ཐེངས་ལྔ་ལྷག་ཡོད་རྣམས་ཡོང་རྒྱུའི་རེས་གཟའ་སྤེན་པ་ནམ་ཡིན་ལ་ཚོགས་རྒྱུ་ཡིན་པ་བཅས།།


